དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚོགས་འདུར་ཕེབས་པའི་ཚོགས་བཅར་བ་གསུམ་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༦ ཉིན་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚོགས་འདུ་ (Asia Pacific Security Innovation Forum) ཡི་ཐོག་ཕེབས་པའི་ཚོགས་བཅར་བ་གསུམ་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་ཉི་འོང་ནས་ཡིན་པ་རྒྱལ་སྤྱིའི་བདེ་འཇགས་དང་། འབྲེལ་ལམ། མང་ཚོགས་ལས་དོན་ཐོག་གི་སློབ་སྟོན་པ་ལྕམ་སྐུ་ཊོ་མོ་ཀོ་ ཧོ་ཤི་ནོ་ (Tomoko Hoshino) ལགས་དང་། ཕི་ལི་པིན་གཞུང་གི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་དམག་སྤྱི་ཟུར་པ་ཨན་ཊོ་ནིའོ་ པར་ལ་ཌེ་ (Retired Lieutenant General Antonio Parlade Jr.) ལགས། ཨིན་ཡུལ་མང་གཙོ་གུ་ཡངས་སྲིད་དོན་ཚོགས་པའི་ཁྱབ་ཁོངས་ Liberal Democrat Friends of the Armed Forces ཞེས་པའི་དྲུང་ཆེ་སྐུ་ཞབས་ཤ་ནབ་ ཤཱ་ (Shanav Shah) ལགས་བཅས་ཕེབས་འདུག་པ་དང་། མཇལ་འཕྲད་སྐབས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་ལྷན་བཅར་ཞུས་འདུག

དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་དོན། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནི་འཛམ་གླིང་གི་མི་འབོར་ཕོན་ཆེ་ཤོས་ཀྱི་ས་ཁུལ་ཞིག་དང་། འགྱུར་ལྡོག་ཀྱང་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་དེའི་ཁུལ་གྱི་གལ་གནད་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་དང་། བོད་ནི་ས་ཁམས་ཆབ་སྲིད་ཐོག་ནས་ཨེ་ཤི་ཡ་ཁུལ་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱ་རྒྱུར་བོད་ཀྱི་ས་ཁམས་བརྒྱུད་དགོས་ཀྱང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གནད་དོན་སྐོར་གླེང་སློང་གནང་སྐབས་བོད་དོན་སྐོར་ལ་དེ་ཙམ་དོ་སྣང་གནང་ཐུབ་ཀྱི་མེད་སྐོར་གསུངས།

བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུངས་དོན། རྒྱ་ནག་དམར་གཞུང་གིས་དཔལ་འབྱོར་ཡར་རྒྱས་ལ་ཁག་དཀྲི་བྱས་ཏེ་བོད་ནང་དྲང་བདེན་མིན་པའི་ལས་ཀ་བརྩམས་ཤིང་། དེ་ཡང་ཆོས་དད་རང་དབང་བཙན་འཕྲོག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་གྱིས་འཆར་གཞི་དང་ལྡན་པའི་ཐོག་ནས་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་ངན་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་། བོད་ནང་བཅོས་མའི་རིག་ནུས་དང་དེང་དུས་ཀྱི་འཕྲུལ་ཆས་ལག་ཆར་བེད་སྤྱོད་བཏང་སྟེ། བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཀྱིས་བོད་ཡུལ་འདི་ཉིད་རྒྱ་དམར་གཞུང་གི་རྒྱ་ཁྱབ་བལྟ་སྲུང་བྱ་ཡུལ་ཞིག་ཏུ་བསྒྱུར་ཡོད་སྐོར། དེ་བཞིན་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་བཙན་ཤེད་ཐོག་སྒོ་བརྒྱབ་པ་དང་། བོད་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གཉེར་བྱེད་མ་འཇུག་པར་དམར་པོའི་ལྟ་བ་སྤེལ་བཞིན་ཡོད་སྐོར་སོགས་གསུངས་སོང་།

མཐོ་སྒང་བོད་ཀྱི་ཁོར་ཡུག་གི་དཀའ་ངལ་དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་དོན། རྒྱ་ནག་དམར་གཞུང་གིས་རང་བྱུང་ཐོན་ཁུངས་ལ་ཚད་ལས་བརྒལ་བའི་གཏོར་བཤིག་དང་། དེས་བོད་ཀྱི་ཆུ་བོ་བབས་སའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རང་བྱུང་གནོད་འཚེ་བྱུང་བཞིན་ཡོད་གནས་དང་། བོད་དེ་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་པའི་ཆ་ནས་རྒྱ་གཞུང་གིས་བོད་ས་དབང་བསྒྱུར་བྱས་པ་དེས། ཆུ་བོ་བབས་ཡུལ་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཤུགས་རྐྱེན་ཕོག་གི་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།