དཔལ་ལྡན་ཚོགས་གཙོ་མཆོག་གིས་སྟོད་ཡིག་ཚང་ཆེན་མོའམ་ལ་སྟོད་ལྷོ་བྱང་མངའ་གསུམ་གྱི་དགོན་གནས་ལོ་རྒྱུས་ཀྱི་པོད་ཕྲེང་ལྔ་ཅན་ཞིག་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ། སྟོད་ཡིག་ཚང་ཆེན་མོའམ་ལ་སྟོད་ལྷོ་བྱང་མངའ་གསུམ་གྱི་དགོན་གནས་ལོ་རྒྱུས་ཀྱི་པོད་ཕྲེང་ལྔ་ཅན་ཞིག་དབུ་འབྱེད་གནང་འདུག

སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ་སོགས་ཕེབས་ཡོད་འདུག

སྟོད་ཡིག་ཚང་ཆེན་མོ་ཞེས་པའི་པོད་ཕྲེང་ལྔའི་བདག་ཉིད་ཅན་གྱི་ལོ་རྒྱུས་དེ་དག་ནི་ཕ་ཡུལ་ལ་སྟོད་ལྷོ་བྱང་གཉིས་དང་མངའ་རིས་ཁུལ་གྱི་དགོན་གནས་ཁག་གི་ལོ་རྒྱུས་ཡིན་པ་དང་། རྩོམ་པ་པོ་འབུམ་རམས་པ་ལྷ་སྒང་བློ་བཟང་ཆོས་གྲགས་ལགས་ནས་རྩོམ་སྒྲིག་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིངམཆོག་གིས་ཐོག་མར་སྟོད་ཡིག་ཚང་ཆེན་མོའམ་ལ་སྟོད་ལྷོ་བྱང་མངའ་གསུམ་གྱི་དགོན་གནས་ལོ་རྒྱུས་ཀྱི་པོད་ཕྲེང་ལྔ་ཅན་གྱི་རྩོམ་པ་པོ་དང་། ལོ་རྒྱུས་ཀྱི་དེབ་ཕྲེང་འདི་ཉིད་པར་བསྐྲུན་ལེགས་གྲུབ་བྱུང་བར་མཐུན་འགྱུར་གནང་མཁན་འབྲེལ་ཡོད་ཚང་མར་བསྔགས་བརྗོད་དང་སྦྲགས། ལོ་རྒྱུས་ཀྱི་དེབ་འདི་ཉིད་ལ་ཚང་མས་སློབ་སྦྱོང་གནང་དགོས་པ་མ་ཟད། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་སྐོར་གསུངས་འདུག

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས། རྒྱ་ནག་དམར་གཞུང་གིས་བོད་ཀྱི་རིག་གཞུང་དང་། བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དང་ཁྲིམས་ལག་བསྟར་བྱེད་བཞིན་པའི་ཛ་དྲག་ཅན་གྱི་དུས་ཚོད་འདིའི་སྐབས་སུ། བོད་ཀྱི་གནའ་མོའི་ས་བབ་ལོ་རྒྱུས་དང་། དགོན་སྡེ་ཁག་གི་ལོ་རྒྱུས། ཉམས་ཞིབ་ཀྱི་ལོ་རྒྱུས་སོགས་དེབ་གཟུགས་སུ་བཀོད་ནས་པར་བསྐྲུན་ཞུ་རྒྱུ་ནི་མི་རིགས་རྗེས་མ་རྣམས་ཀྱི་ཆེད་དུ་ཙམ་མ་ཡིན་པར། མི་རིགས་གསོན་གནས་ཀྱི་ཆ་ནས་གལ་ཆེན་པོ་ཡིན་སྟབས། ཚང་མར་བསྔགས་བརྗོད་དང་། ལོ་རྒྱུས་ཉར་ཚགས་བྱ་རྒྱུའི་གལ་གནད་དང་འབྲེལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལུང་འདྲེན་གྱིས། ཚང་མས་བོད་ཀྱི་དངོས་ཡོད་གནས་སྟངས་ཀྱི་ལོ་རྒྱུས་སྐོར་མང་པོ་རྩོམ་སྒྲིག་བྱས་ཏེ། མི་རབས་གསར་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱ་རྒྱུ་ཡོད་པ་དང་། རྒྱ་ནག་དམར་གཞུང་གིས་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་བྱེད་དགོས་སྐོར་གསུངས་འདུག

ལྷག་པར་དུ་ཉེ་ཆར་རྒྱ་ནག་དམར་གཞུང་གིས་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག” ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེས། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པའི་སྐོར་དང་།  བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་ལོ་རྒྱུས་དཔེ་དེབ་ཉུང་ཉུང་ཡིན་པར་བརྟེན། བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དང་། སྲོལ་རྒྱུན་གྱི་ཞིང་ལསགཉེན་སྒྲིག་གི་ལུགས་སྲོལ་སོགས་བོད་མིའི་སྤྱི་ཚོགས་ཀྱི་ལམ་སྲོལ་དང་འབྲེལ་བའི་བོད་ཀྱི་ཕྱོགས་ཡོངས་ཀྱི་ལོ་རྒྱུས་རྩོམ་སྒྲིག་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་མ་བྱུང་བའི་སྔོན་གྱི་བོད་ནང་གི་མི་ཚེའི་ཉམས་མྱོང་ཡོད་པ་དང་། བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག བོད་མིའི་སྒྲིག་འཛུགས་གསར་འཛུགས་བསྐྱངས་སྐབས་ཀྱི་ཉམས་མྱོང་ཡོད་པའི་བོད་པའི་མི་རབས་རྒན་པ་རྣམས་ཀྱི་ངག་རྒྱུན་ལོ་རྒྱུས་འབྲི་རྩོམ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག་པ་བཅས།