དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་སྐུ་ཞབས་མེཀ་ ཁེ་རེ་མར་ (Mike Cramer) ལགས་དང་། ལྕམ་སྐུ་རཱ་དྷ་ར་ནི་ ཐ་ཀུ་རེཡ་ (Radharani Thakuria) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུངས་དོན། ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་དང་། དེར་ཨ་རིའི་སྲིད་འཛིན་མཆོག་ནས་མཚན་རྟགས་བཀོད་དེ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབས་གནང་བ། ཨ་རིའི་རོགས་ཚོགས་ (USAID) ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་སླད་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བ་སོགས་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་རྒྱ་ནག་གཞུང་ནས་བོད་དོན་སྐོར་རྒྱལ་སྤྱིའི་ནང་འགྲེལ་བརྗོད་ལོག་པ་བྱེད་བཞིན་པར་གདོང་ལེན་ཆེད། ཨ་རིའི་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་གལ་གནད་སྐོར་དང་། ཁྲིམས་ཡིག་དེ་ནི་མང་གཙོའི་རྒྱལ་ཁབ་གཞན་ཚོ་ལའང་མིག་དཔེ་བལྟ་ས་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུ་བཞིན་ཡོད་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར་སྤྱི་དང་། ལྷག་པར་དུ་ཕྱི་ལོ་ ༢༠༢༥ ལོར་ཉི་འོང་རྒྱལ་ས་ཊོཀ་ཡོར་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་སྐབས་གཏན་འབེབས་གནང་བའི་ཊོཀ་ཡོ་སྤྱི་བསྒྲགས་དང་། མ་འོངས་ལག་བསྟར་འཆར་གཞི། གྲོས་ཆོད་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས། མཐོ་སྒང་བོད་ཀྱི་ས་ཆའི་ཆགས་བབས་དང་། ལྷོ་ཨེ་ཤི་ཡའི་ནང་བབས་པའི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་བོད་ཡིན་པའི་ཆ་ནས་འཛམ་གླིང་སྤྱི་དང་། ལྷག་པར་དུ་ལྷོ་ཨེ་ཤི་ཡའི་ཁུལ་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་ཇི་ཙམ་གལ་གནད་ཆེན་པོ་ཡིན་པ་དང་། དེ་བཞིན་རྒྱ་གར་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལའང་དེ་ལྟར་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར། རྒྱ་གར་རྒྱལ་ས་ལྡི་ལིར་འཚོགས་བཞིན་པའི་རྒྱལ་ཁབ་ལྔ་གཙོ་བྱས་པའི་ཚོགས་ཆེན་ (BRICS Summit) དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསར་གཏོད་དང་འཕེལ་རྒྱས་ནི་བཟང་སྤྱོད་དང་དྲང་བདེན་གྱི་ཐོག་ནས་ཡོང་དགོས་པ་དང་། དཔལ་འབྱོར་ཡར་རྒྱས་དང་མཉམ་དུ་སྤྱི་ཚོགས་ནང་ཕན་ཚུན་གུས་བརྩི་ལྡན་པ་དང་། ཆོས་ལུགས་དང་རིག་གཞུང་མི་འདྲ་བ་མཉམ་གནས་ཐུབ་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་དགོས་སྐོར་སོགས་གསུངས་སོང་།

མཇལ་འཕྲད་སྐབས་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་བྱེད་ཐུབ་བསྟན་རིག་འཛིན་ལགས་མཉམ་བཅར་ཞུས་འདུག་པ་བཅས།