དཔལ་ལྡན་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ ནས་ཟླ་ ༩ ཚེས་ ༦ བར་སུད་སི་རྒྱལ་ཁབ་ནང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་སུད་སི་རྒྱལ་ཁབ་ནང་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཟླ་ ༩ ཚེས་ ༡ ཉིན་མཛད་རིམ་ལྟར་བཞུགས་མོལ་ཚོགས་འདུར་ཆེད་ཕེབས་ཀྱིས་ས་གནས་བོད་རིགས་ལས་ཀྱི་སྣེ་མོ་བ་རྣམས་ལ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢ ཉིན་ (Mehrzweckhalle Rägeboge, Kollbrunn) ཚོགས་ཁང་ནང་མང་གཙོའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་ས་གནས་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ། གཞན་ཡང་སུད་སི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་པ་ཁག་གི་ཚོགས་མི་རྣམས་མཇལ་འཕྲད་ཀྱི་ལས་རིམ་བསྐྱང་གནང་རྒྱུ། ཕྱི་ཚེས་ ༦ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་སུད་སི་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

 

Menu