དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ས་གནས་བོད་རིགས་མི་མང་རྣམས་དང་ལྷན་སོ་སོར་ཐུག་འཕྲད་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་རྒྱལ་ས་ལོན་ཌོན་ཁུལ་ལ་ཉིན་གྲངས་བཞིའི་རིང་གི་ཤེས་ཡོན་ལས་འཆར་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢༢ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་ལ་ཕེབས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་ཚོགས་མི་རྣམ་པ་མཇལ་འཕྲད་དང་། དེ་ནས་འཇམ་དབྱངས་ཆོས་ཚོགས་སུ་ས་གནས་བོད་རིགས་མི་མང་ཐུག་འཕྲད་གནང་ཡོད་འདུག<


དེ་ཉིན་སྔ་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྐུ་ཚབ་དོན་གཅོད་ཁང་ལ་ཕེབས་སྐབས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་གཙོས་པའི་ལས་བྱེད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་ཨིན་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཚོགས་འདུ་ཞིག་ཚོགས་གནང་འདུག


དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་འདས་པའི་ཉིན་གྲངས་བཞིའི་རིང་གི་ལས་རིམ་ནང་ཨིན་ཡུལ་གྲོས་ཚོགས་ཀྱི་དབུ་ཁྲིད་དང་མཁས་དབང་སོགས་མཇལ་འཕྲད་གནང་བའི་ཉམས་མྱོང་བརྒྱུད་ལེགས་ཆ་གང་བྱུང་བ་དང་། ལས་རིམ་དེ་དག་དོན་ཕན་ལྡན་པ་བྱུང་བའི་སྐོར་གསུངས་པ་དང་། དེ་བཞིན་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཧོང་ཀོང་། ཡུ་གུར་ཚོགས་པ་བཅས་ཀྱི་དབར་ཐུན་མོང་གི་དམིགས་ཡུལ་བསྒྲུབ་ཆེད་མཉམ་རུབ་ཐོག་ནས་ཨིན་ཡུལ་གྲོས་ཚོགས་ནང་དེ་དོན་སྐོར་གོ་རྟོགས་སྤེལ་ཐུབ་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་དང་།


བོད་ཀྱི་གནད་དོན་ཨིན་ཡུལ་གྱི་ཁྲིམས་བཟོའི་ལས་རིམ་ནང་གི་གནད་དོན་གལ་ཆེན་ཞིག་ཏུ་འགྱུར་ཐབས་སུ་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་སྐོར། བོད་ཀྱི་རྩ་དོན་གྱི་ནུས་པ་གོང་མཐོར་གཏོང་ཆེད་འབྲེལ་ཡོད་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་དང་འབྲེལ་བ་གནང་སྟེ། ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ལྟ་བུ་ཞིག་དེ་གའི་གྲོས་ཚོགས་ནས་ཀྱང་གཏན་འབེབས་ཡོང་ཐབས་གནང་དགོས་སྐོར་སོགས་ཀྱི་ཐོག་གསུངས་འདུག


གཞན་ཡང་ཚོགས་འདུའི་ཐོག རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུའི་ཐབས་ལམ་དང་། བོད་ཀྱི་རྩ་དོན་གྱི་ནུས་པ་གོང་མཐོར་ཡོང་བར་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྡེ་ཁག མི་མང་བཅས་ཀྱི་དབར་འབྲེལ་བ་དམ་ཟབ་དགོས་རྒྱུའི་གལ་གནད། བོད་ཀྱི་རྩ་དོན་ཐོག་ཚང་མས་མཉམ་རུབ་ཀྱི་ནུས་པ་སྤུང་རྒྱུ་དང་རྒྱལ་སྤྱིའི་མཐུན་ཕྱོགས་ཚོགས་སྡེ་ཁག་དང་མི་མང་རྣམས་མཉམ་ཁྲིད་ཐུབ་རྒྱུའི་ཐབས་ལམ་བཙལ་རྒྱུའི་གལ་གནད་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཨིན་ཡུལ་གྲོས་ཚོགས་དབར་ཕན་ཚུན་འབྲེལ་བ་སྲ་བརྟན་དང་། དེ་གའི་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་ཡོང་ཐབས་བྱ་རྒྱུ།

གཞན་ཡང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་གནས་ཚུལ་རྫུན་སྒྲིག་འཁྱོག་བཤད་རིགས་ལ་གདོང་ལེན་གནང་ཕྱོགས་དང་། རྒྱལ་སྤྱིའི་ནང་བོད་ཀྱི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་གནང་ཐུབ་དགོས་རྒྱུའི་གལ་གནད་སོགས་ཀྱི་ཐོག་བཀའ་བསྡུར་གནང་འདུག

དེ་ཉིན་དགོང་མོར། ལོན་ཊོན་ནང་རྟེན་གཞི་བྱས་པའི་འཇམ་དབྱངས་ཆོས་ཚོགས་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་རྣམ་པ་གདན་ཞུས་ལྟར་དེ་གའི་ཆོས་ཚོགས་སུ་ཕེབས་ཤིང་། དེའི་སྐབས་འཛིན་སྐྱོང་འགན་འཛིན་བཙུན་མ་ཐུབ་བསྟན་སྒྲོལ་མ་ལགས་དང་། དགེ་རྒན་དགེ་བཤེས་བསྟན་འཛིན་རྣམ་དག་ལགས། སྐུ་གཞོགས་དབང་རྒྱལ་ལགས། སྤེན་པ་ལྷ་མོ་སེ་མོལ་སི་ལགས། དེ་བཞིན་ཨིན་ཡུལ་གནས་སྡོད་བོད་མི་རྣམས་ནས་ཕེབས་བསུ་དང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག་སྲུང་སྐྱོབ་བྱ་རྒྱུར་ཚང་མས་མཉམ་རུབ་ཀྱི་ནུས་པ་སྤུང་དགོས་པ་སོགས་ཀྱི་ཐོག་གསུངས་གནང་ཡོད་པ་བཅས།