༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༨ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཨིན་ཡུལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཆེད་ཕེབས་གནང་སྟེ་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་ཐེངས་འདིའི་གཞུང་འབྲེལ་ལས་དོན་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་གྲོས་ཚོགས་འོག་མའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་དང་། རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་ཕི་རི་ ཁི་ལིབ་ཊོན་ བྷ་རོན་ (Sir Geoffrey Clifton Browne, Conservative Party M.P, Chairperson of the Public Accounts Committee (PAC) of the House of Commons) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། དེའི་སྐབས་ཨིན་ཡུལ་གྲོས་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དབར་ཕན་ཚུན་སོ་སོའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། སྒྲིག་གཞི་དང་བརྒྱུད་རིམ། ལས་དོན་གནང་ཕྱོགས་བཅས་ཀྱི་ཐོག་ཕན་ཚུན་གོ་རྟོགས་སྤེལ་རིས་དང་། དེ་བཞིན་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ལ་དེ་གའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་འཚོགས་བཞིན་པ་དངོས་སུ་གཟིགས་ཞིབ་གནང་རྒྱུའི་གོ་སྐབས་བྱུང་བ་སོགས་ཨིན་ཡུལ་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་། ཐག་གཅོད་གནང་སྟངས་སོགས་ཀྱི་ཐོག་རྒྱུས་ལོན་གནང་ཡོད་འདུག
དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གཞན་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་མཇལ་འཕྲད་ཀྱིས་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་ཞིང་། དེའི་སྐབས་གཙོ་བོ་ཨིན་ཡུལ་གྲོས་ཚོགས་གོང་མའི་སྒྲོམ་གཞི་དང་། ཁྲིམས་བཟོའི་ལས་དོན་གནང་ཕྱོགས། གྲོས་ཚོགས་གོང་མའི་འཐུས་མི་རྣམ་པའི་འགན་དབང་སྐོར་དང་། དེ་བཞིན་ཨིན་ཡུལ་རྒྱལ་ཁབ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་ལས་དོན་གནང་ཕྱོགས་དང་། འཛིན་སྐྱོང་གི་སྒྲོམ་གཞི་སོགས་ཀྱི་ཐོག་ཕན་ཚུན་མཚུངས་བསྡུར་ཡང་གནང་ཡོད་འདུག
གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གོ་སྐབས་དེ་བརྒྱུད། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཏེ། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་གྱིས་གཞིས་ལུས་བོད་མི་རྣམས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་སོགས་ད་ལྟ་མུ་མཐུད་འཕྲད་བཞིན་པའི་དཀའ་ངལ་ཁག་གསལ་སྟོན་གྱིས་རྒྱལ་སྤྱིའི་སྟེང་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་སྔར་ལྷག་དོ་སྣང་དང་རྒྱབ་སྐྱོར་དགོས་སྐོར་སོགས་གསུངས་གནང་འདུག
གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་རིམ་དེ་བཞིན་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) དང་། ཨ་རིའི་རོགས་ཚོགས་ (USAID) བཅས་ནས་མཐུན་འགྱུར་གནང་ཞིང་། ལས་རིམ་དེའི་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་དང་། ཨ་རིའི་རོགས་ཚོགས་ (USAID) དེ་བཞིན་ཚོགས་དྲུང་ལས་ཁུངས་བཅས་ཀྱི་ལས་བྱེད་མཉམ་བཅར་ཞུས་ཡོད་པ་བཅས།