དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༥ ནས་ ༩ བར་ཉིན་གྲངས་ལྔའི་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༢ དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོ་སོར་མཇལ་འཕྲད་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོའི་སྐབས་གྲོས་ཚོགས་འཐུས་མི་ ༡༣ བཅས་ཁྱོན་རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་ ༡༨ དང་། སྲིད་དོན་ཚོགས་པ་ཆེ་ཁག་མི་འདྲ་བ་ ༡༡། དང་བླངས་ ༡ བཅས་ཁྱོན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༢༨ དང་། ལྡི་ལི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི་ཞིག་བཅས་མི་སྣ་ ༢། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་དང་། མགྲིན་ཚབ་པ་གཉིས། ཇ་ནཱ་ཏཱ་ དྷལ་སྲིད་དོན་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་བཅས་མི་སྣ་ ༤། རྒྱ་གར་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སོགས་མི་སྣ་ ༦། བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་ ༢། བཅས་ཁྱོན་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་མི་སྣ་ ༤༤ དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་གནང་བ་དང་། རྒྱ་གར་སྲིད་དོན་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན་བསྐོ་གཞག་གིས་ཚོགས་པ་སླར་གསོ་གནང་ཐུབ་པ། རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་དུས་ ༢༦༥ པའི་ཐོག་གྲོས་ཚོགས་ཚོགས་ཁང་གསར་པའི་ནང་ཟུར་ཉན་དུ་ཆེད་བཅར་གནང་བ་བཅས་ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་རེ་ཞིག་ལེགས་གྲུབ་བྱུང་ཡོད།

ཐེངས་འདིར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་དང་། ལྡི་ལིར་གྲོས་ཚོགས་འཐུས་མིའི་འབྲེལ་མཐུད་པ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཕུན་ཚོགས་རྒྱ་མཚོ་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཤེས་རབ་ལགས་དང་བསྟན་འཛིན་དཔལ་འབྱོར་ལགས་མཉམ་བཅར་ཞུས་ཡོད་པ་བཅས།