དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།

༄༅། ། རྒྱ་གར་སྔོན་རྩིས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།

དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་བཅས་དང་། བོད་དོན་ཞུ་སྐུལ་གྱི་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ཡོད།

དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་དང་པོ་ཕྱི་ཚེས་ ༥ ཉིན་ཚོགས་ཆུང་དང་པོས། ༡) མ་དེཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཧྥ་གྷན་ སིངྒ་ ཀུ་ལ་ས་ཊེ་ (Shri Faggan Singh Kulaste, Member of Lok Sabha, BJP, Madhya Pradesh and Former Union Minister of State, Ministry of Steel) མཆོག ༢) འཇར་ཁན་ཌ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པར་དིབ་ ཀུ་མར་ ཝར་མ་(Shri Pradip Kumar Varma, Member of Raj Sabha (BJP, Jharkhand)) མཆོག

༣) འཇར་ཁན་ཌ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དྷི་པག་ པར་ཀཱ་ཤ་ (Shri Deepak Prakash, Member of Raj Sabha (BJP, Jharkhand)) མཆོག ༤) ལྡི་ལི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་བྷན་སུ་རི་ ས་ཝ་རཱ་ཇཱ་ (Smt. Bansuri Swaraj, Member of Lok Sabha, BJP, Delhi) མཆོག ༥) རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨར་ ཀེ་ ཁེར་མི་ (R.K.Khrimey) ལགས་བཅས་དང་མཇལ་འཕྲད་གནང་ཡོད།

བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། ༡) ཀེ་རེ་ལ་མངའ་སྡེ་ནས་ཡིན་པ་སྤྱི་ཚོགས་གསར་བརྗེའི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེན་ ཀེ་ པེར་མཱ་ཅན་དྷ་རན་ (Shri N.K. Premachandran, Member of Lok Sabha Revolutionary Socialist Party, Kerala) མཆོག ༢) ཨ་སམ་མངའ་སྡེ་ནས་ཡིན་པ་ཨ་སོམ་ གྷ་ན་ པ་རི་ཤཏ་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷི་རན་དྷ་ར་ པར་སཏ་ བྷེ་ཤི་ཡ་ (Shri Birendra Prasad Baishya, Member of Rajya Sabha, Asom Gana Parishad, Assam) མཆོག ༣) ཨ་སམ་མངའ་སྡེ་ནས་ཡིན་པ་ཨ་སོམ་ གྷ་ན་ པ་རི་ཤཏ་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཕཱ་ནི་ བྷུ་སན་ ཅའོ་དྷུ་རེ་ (Shri Phani Bhusan Choudhury, Member of Lok Sabha, Asom Gana Parishad, Assam) མཆོག་བཅས་དང་མཇལ་འཕྲད་ཀྱིས།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་ནས་ཁྱོན་རྒྱ་གར་མངའ་སྡེ་ཁག་བཞི་དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་གསུམ་གྱི་འཐུས་མི་བདུན་དང་མཇལ་འཕྲད་གནང་ཡོད་པ་རེད། གཞན་ཡང་དེ་ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་ཐུན་མོང་ཐོག་རྒྱ་གར་ལྡི་ལི་མངའ་སྡེའི་གྲོས་ཚོགས་སུ་ཆེད་ཕེབས་གནང་བ་དང་། སྐབས་དེར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རམ་ ནི་ཝ་སི་ གྷོལ་ (Shri. Ram Niwas Goel, Speaker of Delhi Vidhan Sabha) མཆོག་དང་། (AAP) སྲིད་དོན་ཚོགས་པའི་ཚོགས་མི་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་དྷན་ ལལ་ (Shri Madan Lal, MLA Delhi) མཆོག་རྣམ་གཉིས་ནས་སྣེ་ལེན་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པར་ཇ་སྟོན་ཞིག་གོ་སྒྲིག་གནང་སོང་།

མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་རྒྱ་གར་གྲོས་ཚོགས་འཐུས་མི་སོ་སོར་འཚམས་འདྲི་དང་། འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་བོད་མི་བཙན་བྱོལ་བ་ཆགས་ནས་ད་ཆ་ལོ་ངོ་ ༦༥ རིང་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས་གཙོ་བོ་གསུངས་དོན། རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་མ་ཆད་པར་ལག་བསྟར་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་སྔར་ལྷག་དམ་དྲག་དང་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་དང་འབྲེལ། ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཀིརྟི་དགོན་པ་དང་། ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་གྲྭ་ཆུང་རྣམས་བཙན་ཤེད་ཀྱིས་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་སློབ་འཇུག་བྱེད་བཅུག་པ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༡༢ ཉིན་རྒྱ་ནག་དམར་གཞུང་གིས་མགོ་ལོག་ཏུ་བོད་ནང་གི་སྙན་གྲགས་ཅན་གྱི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་སོགས་ཀྱི་གནས་སྟངས་གསལ་སྟོན་གྱིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་བའི་ཐོག སྔར་ལྷག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་རིགས་རྣམས་རྒྱ་རིགས་ནང་མཉམ་བསྲེས་གཏོང་བཞིན་ཡོད་པ་དང་། བྱིས་པ་ཚུན་ཆད་ཀྱི་རིགས་རྫས་བསྡུ་ལེན་དང་། ལྟ་སྲུང་བརྙན་མིག་གང་སར་བཙུགས་ནས་བོད་མིའི་འགུལ་བསྐྱོད་ཡོངས་རྫོགས་ལ་དམ་དྲག་བྱེད་བཞིན་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་།

རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་གཞིས་བཞུགས་བོད་མི་ཚོས་འདོད་པ་མེད་ཅིང་བློས་གཏོང་ཆེན་པོས་ཞི་རྒོལ་མཚམས་མི་ཆད་པར་བྱས་ཀྱང་། སྲིད་བྱུས་ལ་འགྱུར་བ་མེད་པར་དེ་བས་དྲག་གནོན་ཤུགས་ཆེར་བཏང་བའི་རྐྱེན་གྱིས་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར་དང་། བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་རྒྱ་ནག་གཞུང་དང་ལྷན་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ ཡི་བར་གྲོས་མོལ་ཐེངས་དགུ་གནང་སྟེ་ཕན་ཚུན་ཡིད་ཆེས་སླེབས་ཐབས་སུ་འདི་ནས་འབད་བརྩོན་རིམ་པ་ཞུས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མུ་མཐུད་ཆོད་སེམས་བརྟན་པོས་འབྲེལ་མོལ་སླར་གསོ་ཡོང་ཐབས་ཀྱི་འབད་བརྩོན་རིམ་པར་བྱས་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ནས་བཟུང་དེར་ཡ་ལན་ཚད་ལྡན་མ་བྱས་པར་བརྟེན་ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་དེ་བཞིན་སེལ་མ་ཐུབ་པར་ལྷག་བསྡད་ཡོད་པའི་གནས་སྟངས་སྐོར་སོགས་ངོ་སྤྲོད་དང་སྦྲགས།

བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའི་ཆར་རྒྱའི་བཙན་འོག་ཏུ་ཡོད་པ། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་ཞུ་རྒྱུ། བོད་མི་ཚོར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་བཅས་ལ་ངོས་འཛིན་དང་། དེ་བཞིན་རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཁག་འཕྲལ་ཏུ་མཚམས་འཇོག་ཡོང་ཐབས་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་གྲོས་མོལ་སླར་གསོ་ཡོང་བར་རྒྱ་དམར་གཞུང་ལ་སྐུལ་འདེད་གཏོང་རྒྱུ། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་རྩ་མེད་བཟོ་རྒྱུའི་རྒྱ་དམར་གཞུང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་འཚམས་འཇོག་དགོས་པའི་ཤུགས་རྐྱེན་ཡོང་ཐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་གཏོང་བཞིན་པར་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་ནས་ཞིབ་འཇུག་ཡོང་རྒྱུར་རྒྱབ་སྐྱོར་དགོས་པ་སོགས་དོན་ཚན་བཅུ་གཉིས་ཀྱི་ཐོག་རྒྱ་གར་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུར་ཞུ་སྐུལ་རྒྱ་ཆེ་གནང་བ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མིའི་ཁོངས་མཉམ་ཞུགས་ཡོང་ཐབས་སོགས་ཞུས་པར། གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མཉམ་ཞུགས་གནང་རྒྱུ་ཡིན་པའི་ཞལ་བཞེས་སོགས་གནང་བ་བྱུང་སོང་།

བོད་དོན་ཞུ་སྐུལ་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་དང་། ལྡི་ལིར་གྲོས་ཚོགས་འཐུས་མིར་འབྲེལ་མཐུད་པ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཕུན་ཚོགས་རྒྱ་མཚོ་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཤེས་རབ་ལགས་དང་བསྟན་འཛིན་དཔལ་འབྱོར་ལགས་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་དང་ལྷན་གྲོས་ཚོགས་འཐུས་མི་མཇལ་འཕྲད་སྐབས་སོ་སོར་མཉམ་བཅར་ཞུས་ཡོད་པ་བཅས།