དཔལ་ལྡན་ཚོགས་གཙོ་མཆོག་རྒྱལ་སྤྱིའི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱལ་སྤྱིའི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་སོང་།

དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་ས་ཌི་པོ་ལོ་གསོལ་མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ཁག་མི་འདྲ་བ་ ༡༣ ཙམ་ནས་ཚོགས་བཅར་བ་གཞོན་སྐྱེས་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག


སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། སྒེར་ངོས་ནས་ཚོགས་ཆེན་ཐོག་གསུང་བཤད་གནང་མཁན་རྣམ་པ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམ་པ། དེ་བཞིན་གཞོན་སྐྱེས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། ན་ནིང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྐབས་ང་རང་མགྲོན་འབོད་གནང་སོང་། སྐབས་དེ་དུས་ང་རང་ཕྱི་ལ་ལས་དོན་ཞིག་གིས་རྐྱེན་པས་བཅར་ཐུབ་མ་སོང་། ད་ལན་མགྲོན་འབོད་གནང་བ་གཞིར་བཟུང་རྣམ་པ་ཚོ་དང་ཐུག་འཕྲད་དང་། ཚོགས་ཆེན་ཐོག་བཅར་རྒྱུ་བྱུང་བ་བཅས་ཀྱི་ཐོག་ནས་ཧ་ལས་པའི་དགའ་ཚོར་ཆེན་པོ་བྱུང་། ཚོགས་ཆེན་དང་འབྲེལ་བའི་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ལ་བལྟས་ཡོང་དུས། གསུང་བཤད་གནང་མཁན་རྣམ་པའི་གསུང་བཤད་གནང་ཕྱོགས་རེད། དེ་བཞིན་ཚོགས་བཅར་བ་གཞོན་སྐྱེས་རྣམ་པས་གསར་འགོད་པའི་བཅའ་འདྲིར་ལན་འདེབས་གནང་བ་དེ་འདྲའི་ཐོག་ལ་དོ་སྣང་བྱེད་དུས་དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག ཚོགས་ཆེན་ཐོག་ནས་དགོངས་པ་བཞེས་ཕྱོགས་རེད། གནས་བབ་མི་འདྲ་བ་ཞིག་བྱུང་འདུག་བསམ་པའི་ཚོར་སྣང་ཆེན་པོ་བྱུང་སོང་ཞེས་གསུངས་སོང་།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་ཐོག་ལ་གསུངས་དོན། འཛམ་གླིང་རྒྱལ་ཁབ་གཞན་ཁག་ནང་དེ་སྔ་རྒྱལ་པོའི་ལམ་ལུགས་དང་། དམར་ཤོག་ལམ་ལུགས་བསྐྱོད་བཞིན་ཡོད་པའི་ཐོག ཡུལ་ལུང་སོ་སོའི་མི་སེར་འདོད་བློ་མ་ཁེངས་པའི་ཐོག་ནས་ཡར་མི་མང་གི་གྱེན་ལངས་བྱས་ནས་མང་གཙོའི་ལམ་ལུགས་ལ་འགྱུར་བ་བཏང་བ་ཞིག་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ང་རང་ཚོའི་མང་གཙོའི་སྒྲིག་འཛུགས་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་གསོལ་སྩལ་གནང་བ་ཞིག་ཡིན་པར་མ་ཟད། ད་ལྟ་མུ་མཐུད་ནས་རྒྱུན་འཛིན་བྱེད་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། སྤྱིར་བཏང་མང་གཙོ་ཟེར་དུས། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྐུ་ཚབ་ཀྱི་ཐོག་ནས་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པ་ཡོད་པའི་ཐོག་གཞུང་བསྐྱང་རྒྱུའི་ལམ་ལུགས་ཤིག་ལ་གོ་དགོས་ཀྱི་ཡོད་ཀྱང་། ང་ཚོའི་མང་གཙོ་ནི་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོ་ཞིག་དང་། དེ་ཡང་སྤྱི་འཐུས་ཀྱི་ཡོང་ཁུངས་ནི་ཆོལ་ཁ་དང་། ཆོས་བརྒྱུད། ས་གནས་བཅས་ནས་ཡོང་གི་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་སུ་སླེབས་ཚར་བའི་རྗེས་ལ། གྲོས་ཚོགས་ནང་འགན་ཁུར་ཞུ་ཕྱོགས་ཐོག་ལ་ཆ་བཞག་ན། འཛིན་སྐྱོང་བཀའ་ཤག་གི་ལས་དོན་ཐོག་ལ་རྒྱབ་སྐྱོར་བྱེད་དགོས་པའི་རིགས་གཅིག་དང་། ཡང་རིགས་གཅིག་བཀའ་ཤག་གི་ལས་དོན་ཐོག་ལ་དྲི་བ་དྲིས་ལན་དང་། སྟངས་འཛིན་བྱེད་དགོས་པ་བཅས་རིགས་གཉིས་ཡོང་གི་ཡོད་པ་རེད། ཨིན་ཇིའི་སྐད་ནང་ཞུས་པ་ཡིན་ན་ Opposition and Ruling party གཉིས་ཀའི་བསམ་བློ་དང་པོ་ནས་ཡོད་དགོས་པ་ཞིག་ཆགས་བསྡད་ཀྱི་ཡོད་རེད།

 

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་རྗེས། རིམ་པས་བོད་ནང་ལེགས་བཅོས་ཚོགས་ཆུང་དང་། གྱོད་ཞིབ་ཚོགས་ཆུང་ཞེས་པ་བཙུགས་ནས་དྲང་བདེན་དང་། འདྲ་མཉམ་ཡོང་ཆེད་སྔ་མོའི་གཞུང་གི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་དགོངས་པ་ཡོད་བསྡད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེ་ཡང་ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་ལ་ཕེབས་ནས་མའོ་ཙི་ཏུང་མཚོན་པའི་རྒྱ་ནག་གི་འགོ་ཁྲིད་མང་ཆེ་བ་དང་མཇལ་འཕྲད་གནང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་གཙོས་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པར་མ་ཟད། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀར་ཕེབས་གནང་མཛད་ཡོད་པ་དང་།གྲོས་ཚོགས་ནང་སྲིད་བློན་སོགས་ཚང་མ་ཕན་ཚུན་གོ་བསྡུར་སྦྱངས་བཤད་སྐབས་འདྲ་མཉམ་ཐོག་ནས་བཀའ་མོལ་གསུང་རྒྱུ་ཡོད་པ་དང་། དྲི་བ་ཁག་ལ་འགན་ཁུར་བའི་ཐོག་ནས་ལན་འདེབས་ཞུ་ཡི་ཡོད་པར་གཟིགས་རྗེས། མང་གཙོའི་གཞུང་གི་འགྲོ་སྟངས་ལ་ཐུགས་སྣང་ཤུགས་ཆེན་པོ་བྱུང་སྟེ། མང་གཙོའི་དགོངས་པ་ཐོག་མར་འཁྲུངས་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། བཙན་བྱོལ་དུ་ཞབས་སོར་འཁོད་པ་དང་། དེ་ནས་ལོ་གཅིག་གི་རྗེས་ལ། ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་གནད་ཡོད་མང་པོ་ཞིག་འཛོམས་ནས་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་ཅིང་། དུས་དེ་ནས་བཟུང་༸གོང་ས་མཆོག་གིས་གང་གསུང་པ་བཀའ་གསུང་ཅི་སྒྲུབ་གནང་རྒྱུ་དང་། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་སྟེ་བརྟན་བཞུགས་ཕུལ། སྐབས་དེར་༸གོང་ས་མཆོག་གིས་ད་ནས་བཟུང་བོད་ཟེར་བ་འདི་ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོའི་གཞུང་ཚད་ལྡན་ཞིག་དགོས་ཀྱི་ཡོད་པས། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་རེ་འདེམས་དགོས་པ་བཅས་ཁྱོན་མི་མང་གིས་འོས་འདེམས་བྱས་པའི་མི་སྣ་བཅུ་གསུམ་ཡར་གཏོང་ཤོག་ཅེས་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ཁུངས་སོ་སོ་ནས་མི་མང་འོས་འདེམས་བྱས་ནས་ལོ་དེའི་ཟླ་བ་ ༩ ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དེ་རྗེས་རིམ་པས་བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་ཉིན་མོར་གཏན་འབེབས་ཀྱིས་ཟླ་བ་ ༩ ཚེས་ ༢ ཉིན་མོ་འདི་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་སྟངས་དང་རྒྱབ་ལྗོངས་སྐོར་དེ་འདྲ་ཆགས་བསྡད་ཡོད་རེད། རིམ་པས་༧གོང་ས་མཆོག་གིས་རྒྱལ་སྤྱིའི་མང་གཙོའི་འགྲོ་སྟངས་གཞིར་བཟུང་། ལོ་བཅུ་རེའི་མཚམས་ལ་མང་ཚོགས་ལ་མར་སྐུལ་འདེད་གནང་བ་དེ་འདྲ་བྱུང་ཡོད་རེད། དེ་ཡང་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་སྲོལ་གཏོད་པ་དང་། དེ་ནས་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དེ་བཞིན་མང་གཙོའི་ཀ་བ་གསུམ་ལྡན་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ། ལྷན་ཁང་ཁག་ཡོད་པ་སོགས་དེང་དུས་ཀྱི་མང་གཙོའི་འགྲོ་སྟངས་གཞིར་བཟུང་ལོ་ལྔ་རེའི་མཚམས་ལ་འོས་བསྡུ་བྱས་ནས་ཆབ་སྲིད་ཀྱི་འགོ་འཁྲིད་འགྱུར་བ་གཏོང་རྒྱུ་ཡོད་པ་ཞིག་དང་། ལོ་ན་ ༡༨ སོན་པ་ཡན་ལ་འོས་འཕེན་ཆོག་པ། ལོ་ན་ ༢༥ སོན་པ་ཡིན་ན་རང་ཉིད་འོས་བསྡུའི་ནང་ལངས་ཆོག་གི་ཡོད་པ་སོགས་མང་གཙོ་ཚད་དང་ལྡན་པའི་ཐོག་བསྐྱོད་བཞིན་ཡོད་སྐོར་སོགས་གསུངས་པ་དང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ལ་གསུངས་དོན། ཕྱི་ལོ་ ༡༩༦༠ ནང་སྤྱི་འཐུས་རྣམ་པ་ལྷན་ཁང་ཁག་ལ་ཆ་བགོས་བྱས་ཏེ་ཕྱག་ལས་གནང་གི་ཡོད་པ་དང་། དེ་རྗེས་རིམ་པས་འགྱུར་བ་ཕྱིན་པ་ཞིབ་ཕྲ་ཞུ་མ་དགོས་པར་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་རྗེས། ད་བར་ཁྲིམས་སྒྲིག་གཞི་ཁག་ ༢༧ གཏན་འབེབས་བྱས་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གལ་ཆེ་བ་གཅིག་ནི་ཁྲིམས་བཟོ་རྒྱུ་དེ་ཆགས་ཀྱི་ཡོད། དེ་དང་མཉམ་དུ་ལོ་རེར་གྲོས་ཚོགས་ཐེངས་གཉིས་རེ་ཚོགས་ཀྱི་ཡོད་ཅིང་། དེ་ཡང་ཕྱི་ཟླ་གསུམ་པའི་ནང་སྔོན་རྩིས་གྲོས་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་སྔོན་རྩིས་གཏན་འབེབས་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་དགུ་པའི་ནང་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་འདུའི་སྐབས། འཛིན་སྐྱོང་གི་ལས་དོན་ཁག་ལ་ཞིབ་བཤེར་བྱ་རྒྱུའི་ཚོགས་འདུ་ཡིན་པ། སྐབས་དེ་དུས་སྤྱི་འཐུས་ཚང་མ་ཚོགས་འདུར་འཛོམས་དགོས་ཀྱི་ཡོད་རེད། དུས་རྒྱུན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་གཙོ་ཚོགས་གཞོན་ཚུད་པའི་རྒྱུན་ལས་ལྷན་ཚོགས་ཞེས་སྤྱི་འཐུས་མི་བཅུ་གཅིག་འདིར་སྡོད་ཀྱི་ཡོད་རེད། རྒྱུན་ལས་ལའང་ཆབ་སྲིད་སྡེ་ཚན་དང་། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན། རྒྱུན་འབྲེལ་སྡེ་ཚན་བཅས་གསུམ་ཡོད་ཅིང་། ཆབ་སྲིད་སྡེ་ཚན་གྱི་ལས་དོན་གཙོ་བོ་རྒྱལ་སྤྱིའི་ཆབ་སྲིད་དང་། བོད་ནང་གི་གནས་ཚུལ་ལ་ཐུགས་སྣང་གནང་གི་ཡོད་པ་དང་། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་གྱིས་ལྷན་ཁང་ཁག་གི་ལས་དོན་དང་། རྩིས་དང་འབྲེལ་བའི་ལས་དོན་ཁག་ལ་རྟོག་ཞིབ་གནང་གི་ཡོད་པ། རྒྱུན་འབྲེལ་སྡེ་ཚན་གྱིས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་ལས་དོན་གནང་ཕྱོགས་ལ་རྟོག་ཞིབ་གནང་གི་ཡོད་པ། གནད་དོན་མ་འདྲ་བ་བྱུང་བ་ཡིན་ན། རྒྱུན་ལས་ལྷན་ཚོགས་ཀྱི་ཐོག་ནས་གོ་བསྡུར་ཐག་གཅོད་གནང་གི་ཡོད་པ་སོགས་རྒྱུན་ལྡན་ལས་དོན་གནང་ཕྱོགས་དེ་འདྲ་ཆགས་ཀྱི་ཡོད། ཡང་ལས་དོན་གལ་ཆེ་བ་གཞན་ཞིག་ནི། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་བ་གནང་རྒྱུ་དེ་ཆགས་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༡༩༩༤ ཙམ་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ཐོག་ནས་བོད་དོན་ལ་ཐུགས་སྣང་དང་། རྒྱབ་སྐྱོར་ཐོབ་རྒྱུའི་དགོངས་པ་བཞེས་ནས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ (World Parliamentarian’s Convention on Tibet) བསྐོང་གནང་ཡོད་པ་དང་། དེ་ཡང་ལོ་གསུམ་རེའི་མཚམས་ལ་ཚོགས་འདུ་རེ་འཚོགས་བསྡད་ཀྱི་ཡོད་རེད། ཚོགས་ཆེན་མཐའ་མ་དེ་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ལ་ཚོགས་པ་དང་། དེའི་སྐབས་རྒྱལ་ཁབ་ཁག་མི་འདྲ་བ་ ༢༠ ལྷག་ནས་མི་གྲངས་ ༡༠༠ ལྷག་ཚོགས་བཅར་ཞུས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་ པི་ལོ་སི་ (Emerita Speaker Nancy Pelosi) མཆོག་ཆེད་མངགས་ཕེབས་ནས་གསུང་བཤད་གནང་ཡོད། དེའི་རྗེས་སུ་ཚོགས་ཆེན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་བྱུང་བ་བཅས་ཀྱི་ཐོག་ནས་བོད་དོན་ཐོག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་རྒྱུའི་རྣམ་པ་མང་པོ་ཡོང་གི་འདུག ཚོགས་འདུ་ཚོགས་ཚར་བའི་རྗེས་ལ། མེག་སི་ཀོ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ། དེ་ནི་ལྷོ་ཨ་མི་རི་ཀའི་གླིང་ཆེན་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་རེད། གཞི་རྩའི་ཨ་རིའི་ཝ་ཤིང་ཊོན་ཌི་སི་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་སྐབས། ལྷོ་ཨ་མི་རི་ཀ་ནས་གྲོས་ཚོགས་འཐུས་མི་མང་པོ་ཞིག་སླེབས་བསྡད་ཡོད་པ་དང་། ཚོགས་འདུའི་ཐོག་ནས་ཁོང་རྣམས་སེམས་འགུལ་ཆེན་པོ་ཐེབས་ནས་བོད་དོན་ཐོག་ལ་གཅིག་བྱེད་དགོས་ཀྱི་འདུག་བསམ་པའི་ཚོར་བ་སླེབས་ཡོད་རེད། རྒྱབ་སྐྱོར་བྱེད་སྟངས་དེ་ཡང་ཚོགས་ཆེན་གྱི་ཡིག་ཆའི་ཐོག་ནས་སྙན་སེང་ཞུ་གི་ཡོད་དུས། ཕྱིས་སུ་མེག་སི་ཀོ་གྲོས་ཚོགས་འཐུས་མི་བརྒྱ་ལྷག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནས་འཛུལ་ཞུགས་ཀྱིས་ཚོགས་པ་གསར་འཛུགས་ཐུབ་ཡོད་པ་མ་ཟད། རྗེས་སུ་ཁོང་རྣམས་ཁག་ཅིག་བཞུགས་སྒར་དུ་ཕེབས་ཡོད་རེད། དེ་ལྟར་སི་པན་གྲོས་ཚོགས་གོང་མའི་ནང་ལའང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་ཡོད་རེད། རྩ་བའི་ད་ལྟའི་ཆར་རྒྱལ་ཁབ་ཁག་ ༢༠ ཡི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་རེད། རྣམ་པ་ཚོ་སོ་སོའི་གནས་ཡུལ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་ཀྱིས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་དུ་གཏོང་ཐུབ་རྒྱུར་འབད་བརྩོན་དང་། དེ་བཞིན་བོད་པ་གནས་ཡུལ་རྒྱལ་ཁབ་ཙམ་མིན་པར་རྒྱལ་ཁབ་གཞན་གྱི་ནང་ལའང་རྒྱབ་སྐྱོར་ཐོབ་ཐབས་གནང་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་གསུངས།

མུ་མཐུད་བོད་དོན་ཞུ་སྐུལ་གནང་ཕྱོགས་དང་། བོད་ཀྱི་དཀའ་རྙོག་རྒྱལ་སྤྱིའི་རང་བཞིན་དུ་འགྱུར་རྒྱུའི་ཐོག་ལ་གསུངས་དོན། གྲོས་ཚོགས་འཐུས་མི་རྣམས་ཐེངས་གཅིག་གཉིས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་ཙམ་མ་ཡིན་པར། ཁོང་རྣམས་བོད་ཀྱི་གྲོགས་པོ་བཟོས་ནས་བོད་ཀྱི་གནས་ཚུལ་འཁོ་སྤྲོད་བྱས་ཏེ་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་རྒྱུར་འགྱུར་བ་མེད་པའི་བློ་སེམས་ཤིག་བསྐྲུན་དགོས་པ། དཔེར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་མི་སྐུ་ཞབས་ཇིམ་ མེག་གྷོ་ཝན་ (Rep Jim Mcgovern) མཆོག་ལྟ་བུ་དུས་རྒྱུན་དུ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་སྡོད་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས། གནད་ཡོད་མི་སྣ་དང་། མི་མང་དཀྱུས་མའི་ནང་ལའང་བོད་དོན་ཐོག་ལ་ལྷག་བསམ་གཡོ་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་མཁན་བཟོ་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ང་ཚོ་གཞུང་འབྲེལ་གྱི་ཐོག་ནས་སྡིངས་ཆ་དེ་འདྲ་བསྐྲུན་གྱི་ཡོད་རེད། སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (International Network of Parliamentarians on Tibet) ཀྱི་དྲྭ་རྒྱ་བཟོས་ཡོད་པ་དང་། དེའི་ནང་རྒྱལ་ཁབ་ ༢༠ ལྷག་གི་གྲོས་ཚོགས་འཐུས་མི་ཚོགས་མིར་ཞུགས་ཡོད་པ་མ་ཟད། ད་དུང་གང་མང་མང་ཞུགས་རྒྱུའི་ཐོག་ལ་ང་ཚོའི་ངོས་ནས་འབད་བརྩོན་གནང་གི་ཡོད་རེད། དེར་རྒྱ་ནག་དམར་གཞུང་ངོས་ནས་འགོག་རྐྱེན་མང་པོ་བཟོ་ཡི་ཡོད་ཅིང་། དཔེར་ན། ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཊའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་སྐབས། ཉིན་གཉིས་པའི་ཉིན་གུང་ཞལ་ལག་དུས་ཚོད་སྐབས། རྒྱ་མི་ཕལ་ཆེར་ཉི་ཤུ་ལྷག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་འཁོད་པའི་འཕྲེད་དར་ཁྱེར་ནས་ངོ་རྒོལ་བྱས་ཡོད་རེད། དེ་བཞིན་གྲོས་ཚོགས་འཐུས་མི་རེ་རེར་ཚོགས་ཆེན་ཐོག་ཞུགས་རྒྱུར་གནོན་ཤུགས་སྤྲད་ནས་འགོག་རྐྱེན་བཟོ་ཡི་ཡོད་རེད། དེ་བཞིན་ ༢༠༡༩ ལོར་ལ་ཊི་ཝི་ཡའི་རྒྱལ་ས་རི་གྷར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་འཚོགས་སྐབས། རི་གྷའི་ནང་གི་མགྲོན་ཁང་ཆེ་ཁག་ཚང་མའི་ནང་རྒྱ་མིའི་གཞུང་ཚབ་ཁང་གིས་བོད་ནང་ཡར་རྒྱས་བཏང་བའི་པར་རྐྱང་བཞག་སྟེ་དྲིལ་བསྒྲགས་ལོག་པ་བྱས་ཡོད་པ་སོགས་འགོག་རྐྱེན་སྣ་ཚོགས་བཟོ་བསྡད་ཀྱི་ཡོད་རེད། ཡིན་ནའང་ང་ཚོ་དང་འབྲེལ་བ་ཡོད་མཁན་ཚོས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོད་པ་དང་། རྟག་ཏུ་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་སྡོད་ཀྱི་ཡོད་རེད། ང་ཚོ་དང་འབྲེལ་བ་མེད་མཁན་ཚོའི་ནང་རྒྱ་ནག་གི་དྲིལ་བསྒྲགས་ལོག་པའི་འོག་བློ་འགྱུར་བ་ཐེབས་མཁན་དེ་འདྲ་ཡོང་གི་ཡོད་རེད། ང་ཚོའི་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་དེ་དྲིལ་བསྒྲགས་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཀྱི་འདུག དེ་བྱེད་མི་ཐུབ་པ་ཡིན་ན་སྟོང་ཆ་འདྲ་པོ་ཞིག་ལྷག་བསྡད་ཀྱི་རེད། ད་ཆ་ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་ ༦༥ ལྷག་འགྲོ་གི་ཡོད་པ་དང་། ༧གོང་ས་མཆོག་ལ་ཐུགས་འདྲིས་ཉེ་པོ་ཡོད་པ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་མང་ཆེ་བ་དགུང་ལོ་མཐོན་པོར་སླེབས་ནས་ཉིན་རེའི་ལས་དོན་ཐོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་རེད། ང་རང་ཚོས་མི་རབས་གཞོན་པའམ་གསར་པའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་ཐབས་ཤེས་གཏོང་དགོས་ཀྱི་ཡོད་ལ། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་སྲ་བརྟན་ཡོང་ཐབས་བྱས་ནས་ང་ཚོའི་མི་རབས་ཐོག་ནས་བོད་དོན་བདེན་མཐའ་སེལ་ཐབས་དང་། གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་ཐབས་བྱེད་དགོས། དེ་ལྟར་ཡོང་མ་ཐུབ་ནའང་། ང་ཚོ་ཇི་ཙམ་འཚོ་བའི་བར་ལ་རྒྱལ་སྤྱིའི་ནང་བོད་དོན་ཐོག་ནུས་པ་ཞིག་སླེབས་ཐུབ་རྒྱུར་བསམ་བློ་གཏོང་དགོས། རྣམ་པ་ཚོས་དུས་རྒྱུན་དུ་ནས་དགོངས་པ་བཞེས་སྟངས་དེ། བོད་ནང་གི་ཆབ་སྲིད་ཀྱི་འགྱུར་བ་དང་། བོད་མི་ཚོར་དཀའ་ངལ་ཇི་འདྲ་འཕྲད་ཀྱི་ཡོད་པའི་ཐོག་ལ་དོ་སྣང་བྱེད་དགོས། རྩ་བའི་ང་ཚོའི་འཐབ་རྩོད་དེ་ཆབ་སྲིད་ཀྱི་འཐབ་རྩོད་གཅིག་པུ་ཙམ་མ་ཡིན་པར། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཚང་མ་སྲུང་སྐྱོབ་བྱེད་ཐུབ་དགོས་རེད། དཔེར་ན། མི་འདྲ་པོ་ཡིན་ན། མགོ་ལུས་ཡན་ལག་ཚང་མ་ཚང་བ་ཡིན་ན། མི་ཚད་ལྡན་འདྲ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྐང་པ་དང་ལག་པ་གཉིས་ཀ་མེད་པ་ལྟ་བུས་མིའི་བྱ་བ་ཆ་ཚང་བ་ཞིག་བྱེད་ཐུབ་ཀྱི་མེད་པ་བཞིན་རེད། བོད་མི་རིགས་དེ་ཆོས་དང་། རིག་གཞུང་། ཆབ་སྲིད་སོགས་གང་གི་ཐད་ནས་བལྟས་ཀྱང་། ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཚད་ལྡན་ཞིག་ཆགས་བསྡད་ཀྱི་ཡོད་དུས། མི་རིགས་ཚད་ལྡན་དེ་སྲུང་སྐྱོབ་བྱ་རྒྱུར། རིག་གཞུང་དང་། སྐད་ཡིག ཆབ་སྲིད། ཁོར་ཡུག ཆོས་དད་རང་དབང་སོགས་སྣ་ཚོགས་ཀྱི་ཐོག་ནས་སྲུང་སྐྱོབ་བྱེད་ཆོག་གི་ཡོད་རེད། ཉེ་ཆར་བོད་ནང་གི་རྔ་བ་ཀི་རྟི་དགོན་པའི་གྲྭ་ཆུང་ཚང་མ་རྒྱ་ནག་གི་གཏན་འཇགས་སློབ་གྲྭའི་ནང་འགྲོ་དགོས་པའི་བཙན་བཀའ་བཏང་སྟེ། ང་ཚོའི་ཆོས་དང་། རིག་གཞུང་། སྐད་ཡིག་ཚང་མར་འགོག་རྐྱེན་བཟོས་ཡོང་དུས། ང་ཚོའི་ངོས་ནས་དེ་དང་མཐུན་པའི་ཐོག་ནས་རྒྱལ་སྤྱིའི་ནང་གདོང་ལེན་ཞུ་ཕྱོགས་སོགས་མིང་ཚུན་ཆད་ནས་མི་འདྲ་བ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེང་སང་ཡུ་གུར་ནང་ལོགས་ལ་ Concentration Camp ཟེར་བ་དེ་ཤུགས་ཆེན་པོ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བོད་ལ་དེ་སྔ་ནས་དེ་འདྲའི་དཀའ་ངལ་འཕྲད་ཟིན་པ་ཞིག་ཆགས་ཀྱི་ཡོད་རེད། དེ་བཞིན་གཏན་འཇགས་སློབ་གྲྭ་ཟེར་བ་དེ་ཡང་དེ་སྔ་ནས་ལག་ལེན་བསྟར་ཟིན་པ་ཞིག་ཆགས་ཀྱི་ཡོད་ཀྱང་། མིང་བེད་སྤྱོད་གཏོང་ཕྱོགས་ཀྱི་ཐོག་ནས་དོ་སྣང་མི་འདྲ་བ་ཞིག་ཡོང་གི་འདུག དཔེར་ན། རྒྱ་དམར་བོད་ནང་སླེབས་པ་ནས་བཟུང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུ་འགོ་བཙུགས་ཚར་བ་རེད། དེའི་རྗེས་ལ་ Cultural Genocide ཟེར་བའི་ཚིག་དེ་འདྲ་བེད་སྤྱོད་བཏང་བའི་ཐོག་ནས་དོ་སྣང་སླེབས་ཀྱི་འདུག དེ་ཡིན་དུས། བོད་དོན་རྒྱབ་སྐྱོར་བ་རྣམ་པ་དང་། བོད་མི་ཚོ་ལའང་ཚོར་བ་སླེབས་ཐུབ་པ་ཞིག་དང་། དེའི་རྒྱབ་ལྗོངས་དང་རྒྱུ་མཚན་འཚོལ་དགོས་རྒྱུའི་བསམ་བློ་སླེབས་ཐུབ་ཐབས་སོགས་ཀྱི་ཐོག་དགོངས་པ་བཞེས་རྒྱུ་མང་པོ་ཡོད་རེད། དེ་འདྲའི་ཐོག་ནས་རྣམ་པ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་ཐུབ་པ་དང་། གནང་སྟངས་དེ་ཡང་དེ་འདྲའི་ཐོག་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱི་འདུག དེ་བཞིན་དེང་སང་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་བགྲོས་དེ་ཧ་ཅང་གི་ཤུགས་ཆེན་པོ་རེད། རྒྱ་ནག་གིས་ཉམས་ཞིབ་པ་ཚོས་གསུང་སྟངས་བྱས་ན། ད་ལྟ་སྲིད་འཛིན་ཞི་ཅིང་ཕིན་གྱིས་འགོ་ཁྲིད་པའི་འོག ནང་ཁུལ་དབང་ཆ་འཐབ་རྩོད་ཐོག་ལ་དུས་ཚོད་ཤུགས་ཆེན་པོ་གཏོང་བཞིན་པ་དང་། དེ་བཞིན་དཔལ་འབྱོར་ཉམས་རྒུད་དང་ལས་མེད་མང་པོ་ཆགས་ཡོད་པ་སོགས་ཀྱི་གནས་སྟངས་ཐོག་ནས་རྒྱ་ནག་ནང་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་གི་ཡོད་པ་གསལ་པོ་རེད། ང་ཚོ་ནང་ཆོས་ཐོག་ནས་བཤད་པ་ཡིན་ན། རྟག་པར་གནས་ནས་གཅིག་པ་གཅིག་རྐྱང་སྡོད་ཐུབ་མཁན་ཞིག་མི་སྲིད་པ་རེད། འགྱུར་བ་འགྲོ་རྒྱུ་དེ་ཆོས་ཉིད་རེད། འགྱུར་བ་འགྲོ་བ་དང་མཉམ་དུ་ང་ཚོས་གོ་སྐབས་བཙལ་ནས་ང་ཚོའི་ངོས་ནས་ཐབས་ལམ་གང་འདྲ་བྱེད་དགོས་མིན་ཐོག་བསམ་བློ་གཏོང་དགོས། གཙོ་བོ་རྒྱ་ནག་ནང་འགྱུར་བ་དེ་ཚོར་དམིགས་དགོས་རེད་བསམ་གྱི་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་གསལ་པོ་རེད། རྒྱ་ནག་མི་རིགས་ལ་ང་ཚོས་དགྲ་ལྟ་བུའི་འཁོན་འཛིན་བྱེད་ཀྱི་ཡོད་མ་རེད། གཞུང་གི་འགན་ཁུར་མཁན་ཚོས་སྲིད་བྱུས་ལག་བསྟར་བྱེད་སྟངས་ཀྱི་ཐོག་ནས་བོད་ནང་ལ་དཀའ་ངལ་ཤུགས་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་རེད། དེ་འདྲའི་དཀའ་ངལ་འཕྲད་ནས་བློས་གཏོང་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་རེད། རྣམ་པ་ཚོས་ཉེ་ཆར་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བཀའ་མོལ་གནང་བ་བརྒྱུད་ནས་དེའི་ཐོག་གསལ་པོ་ཆགས་ཡོད་རེད་བསམ་གྱི་འདུག དེ་བཞིན་ང་ཚོའི་སྒྲིག་འཛུགས་དེ་ཧ་ཅང་གི་གལ་ཆེན་པོ་རེད། སྒྲིག་འཛུགས་དེས་ཟམ་པ་ལྟ་བུ་བྱས་ནས་ཆབ་སྲིད་ཀྱི་ཐོག་ནས་རེད་ལ། དེ་ལས་ཀྱང་ང་ཚོའི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ཕན་ཐོགས་ཆེན་པོ་ཡོད་རེད། དེ་གལ་ཆེན་པོ་བརྩི་དགོས་ཀྱི་རེད། དེ་དང་མཉམ་དུ་རྒྱ་ནག་གི་ཆབ་སྲིད་གནས་བབ་ལ་འགྱུར་བ་འགྲོ་ཐུབ་རྒྱུའི་ཐོག་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཆགས་ཀྱི་ཡོད་རེད། རྒྱ་ནག་གི་ཆབ་སྲིད་འགྱུར་བ་མ་འགྲོ་ན། གཞིས་བྱེས་མཉམ་འཛོམས་ཐུབ་རྒྱུར་ང་ཚོར་ཐབས་ཤེས་མེད་པའི་གནས་སྟངས་འདྲ་པོ་ཆགས་ཡོད་རེད། རྒྱ་ནག་གི་མི་རིགས་མཉམ་དུ་འབྲེལ་བ་བྱེད་ཆོག་གི་ཡོད་པ་དང་། དེ་ཡང་འབྲེལ་བ་དང་བགྲོ་གླེང་བྱེད་སྟངས་ཤིག་ཡོད་རེད། གང་ལྟར་ང་ཚོས་བསམ་བློའི་འགྱུར་བ་ཞིག་གཏོང་ཐུབ་དགོས་ཀྱི་རེད། དཔེར་ན་རྒྱ་ནག་གི་ལོ་རྒྱུས་ལ་བལྟས་པ་ཡིན་ན། གོ་མིང་ཏང་དང་། གུང་ཁྲན་ཏང་ཟེར་བ་ཡོད་རེད། དུས་རབས་ཉི་ཤུའི་ནང་ལ། གོ་མིང་ཏང་གི་གཞུང་དེ་གུང་ཁྲན་ཏང་གིས་འགྱུར་བ་བཏང་བ་ཞིག་རེད། དེ་དག་མི་མང་དཀྱུས་མའི་ནང་ནས་མཉམ་མཐུན་གྱི་བློ་ཡོད་པའི་ཐོག་ནས་ཡོང་གི་ཡོད་རེད། དེ་ཡང་སོ་སོའི་བསམ་བློ་དེ། དྲང་པོ་དང་། བདེན་པ། ཡིད་ཆེས་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། སོ་སོའི་བསམ་བློ་དེ་ཕྱིན་ཅི་ལོག་པ་ཞིག་དང་། མི་ཕན་ཚུན་བློ་འགུག་རྒྱུའི་ཐབས་ཤེས་གཏོང་བ་ཡིན་ན། དེ་ནོར་ཀྱི་ཡོད་རེད། རང་གཞན་གཉིས་ཀ་ཆུ་ལ་གཡུག་གི་ཡོད་རེད། སོ་སའི་བསམ་བློ་དེ་དྲང་བདེན་དང་། གནས་ལུགས་རྒྱུ་མཚན་ཡོད་པ། སྐབས་དུས་དང་འཚམས་པ་ཞིག་དགོས་ཀྱི་ཡོད་རེད། དེ་དང་མཉམ་དུ་དྲིལ་བསྒྲགས་བྱས་ནས་གོ་རྟོགས་སྤེལ་ཐུབ་པ་ཡིན་ན། དེའི་བསམ་བློ་དེ་ནར་སྨིན་ནས་འབྲས་བུ་ཞིག་བྱུང་དུས། སྤྱི་ཚོགས་དང་། མི་རིགས། འཛམ་གླིང་བཅས་ཚང་མར་ཕན་ཐོགས་པ་ཞིག་ཡོང་གི་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞུ་སྐུལ་བྱེད་དགོས་པའི་གནད་དོན་གལ་ཆེ་བ་གཅིག་དེ། རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་སྤྲད་ནས་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་ཀྱི་རྣམ་པ་འདྲ་པོ་ཞིག་ལ་ངོས་འཛིན་ཡོང་རྒྱུའི་གོ་བརྡ་ཞིག་སྤྲོད་ཀྱི་ཡོད་རེད། དེ་ཡིན་དུས་དེ་འདྲའི་གོ་བརྡ་སྤྲད་ནས་ནུས་པ་ཐོན་སོང་བ་ཡིན་ན། ནང་ཁུལ་གྱི་གནས་སྟངས་ལ་གཞན་པ་ཞིག་གིས་བྱུས་གཏོགས་བྱས་ན་འགྲིག་གི་མེད་པ་འདྲ་པོ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། ང་ཚོའི་ངོས་ནས་དེ་འདྲའི་གནས་བབ་དེ་མེད་པ་བཟོ་དགོས་ཀྱི་རེད། བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་དེ་ལོ་རྒྱུས་དང་། དངོས་ཡོད་གནས་ཚུལ་ཐོག་ནས་རྒྱལ་སྤྱིའི་དཀའ་རྙོག་ཡིན་པ་ཞིག་ལ་ངོས་འཛིན་བཟོ་ཐུབ་རྒྱུའི་ཐོག་འབད་བརྩོན་གང་བྱ་རྒྱུ་འདུག དེ་ཚོའི་ཐོག་ང་ཚོས་དྲིལ་བསྒྲགས་བྱས་ནས་བདེན་དཔང་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཡོད་རེད། དེ་འདྲ་བྱུང་བ་ཡིན་ན། མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་མང་པོ་ཞིག་གིས་ངོས་འཛིན་གསལ་པོ་ཞིག་ཡོང་རྒྱུ་དང་། ང་ཚོའི་གནས་བབ་དེ་མ་འདྲ་བ་ཞིག་ཆགས་ཀྱི་རེད། དེ་འདྲའི་གནས་བབ་ཡོང་རྒྱུར་ཐབས་ཤེས་ག་རེ་འདུག ཐབས་ཤེས་མེད་པ་རེད་མི་འདུག ཐབས་ཤེས་ཡོང་རྒྱུའི་ལམ་ཁ་འདུག སྐབས་དང་དུས་སོ་སོའི་ནང་རྒྱལ་སྤྱིའི་ཆབ་སྲིད་ལ་འགྱུར་བ་མང་པོ་འགྲོ་གི་ཡོད་དུས། ང་ཚོས་དེ་དང་མཉམ་དུ་གོ་སྐབས་ལེན་ཐུབ་དགོས་འདུག དེ་འདྲའི་ཐོག་ནས་རྒྱལ་སྤྱིའི་ནང་ལོགས་ལ་བོད་དོན་རྒྱབ་སྐྱོར་བཙལ་རྒྱུ་དེ་གལ་ཆེ་ཤོས་འདྲ་པོ་ཞིག་མཐོང་གི་འདུག བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་དཀའ་རྙོག་ཅིག་ལ་ངོས་འཛིན་བྱེད་ཐུབ་པ་ཡིན་ན། རང་བཞིན་གྱི་སོ་སོའི་འགན་འདྲ་པོ་ཞིག་ལ་ངོས་འཛིན་ཡོང་གི་རེད། སོ་སོར་འགན་ཞིག་སླེབས་པ་ཡིན་ན། སོ་སོས་འགན་དེའི་ལས་འགན་སྒྲུབ་སྟངས་ཐོག་ཐབས་བྱུས་དང་། ལས་འཆར་འདྲ་པོ་བསམ་བློ་གཏོང་དགོས་ཀྱི་ཡོད། དེ་འདྲའི་ཐོག་ལ་མ་འོངས་པར་ཤུགས་བརྒྱབ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཆགས་འདུག རྣམ་པ་ཚོར་དེ་རིང་ཐུག་ནས་སྐད་ཆ་ཤོད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཐུགས་རྗེ་ཆེ་ཞེས་གསུངས་གནང་ཡོད་པ་བཅས།