དཔལ་ལྡན་ཚོགས་གཙོ་མཆོག་དང་སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༨ ནས་ ༢༢ བར་ཉིན་ལྔའི་རིང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད། སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་། ཀ་སྦུག་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས་རྣམ་པ། ས་འཐུས་མེད་པའི་ས་གནས་རྡོར་གླིང་དང་བསུ་ན་མདའི་ས་གནས་འགོ་འཛིན་དང་། འབྲེལ་མཐུད་པ། རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ལ་ས་འཐུས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་སོགས་ཀྱི་སྒྲིག་གཞིའི་ཐོག་སྒང་ཏོག་ས་གནས་སུ་ཟབ་སྦྱོང་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་འདི་ཟླའི་ཚེས་ ༡༥ ཉིན་རྡ་ས་ནས་སྤ་ཀོར་བརྒྱུད་མེ་འཁོར་ནང་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་སྒང་ཏོག་ཏུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༧ ནས་ ༢༢ བར་ས་གནས་སུ་མཛད་འཆར་དང། ཕྱི་ཚེས་ ༢༣ ཉིན་སྒང་ཏོག་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཚེས་ ༢༤ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

Menu