དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད།

IMG_0942

སྐབས་ ༡༦ པའི་གྲོས་ཚོགས་དབུ་འཛུགས་གསུང་བཤད།

༄༅། །༸ལྷར་བཅས་སྲིད་གཞིའི་གཙུག་རྒྱན། ༸ཁམས་གསུམ་ཆོས་ཀྱི་རྒྱལ་པོ། གངས་ལྗོངས་ལུགས་གཉིས་ཀྱི་༸བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ཕྱག་སྔོན་དུ་བཏང་བའི་ཐོག་ནས། དེ་རིང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བོད་མི་མང་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་པས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ། ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ང་ཚོ་གྲོས་ཚོགས་ཀྱི་འཐུས་མི་ནང་ལ་བདམས་ཐོན་སྤྱི་འཐུས་གཅིག་ཙམ་ཅིག་སྒེར་གྱི་ལས་དོན་གྱི་ཐོག་ནས་དམ་འབུལ་གྱི་ལས་འཁུར་ད་ལྟ་ཞུ་ཐུབ་ཡོད་པ་མ་རེད་མ་གཏོགས་པས་སྤྱི་འཐུས་ཚང་མས་ལས་ཁུར་དམ་འབུལ་ཞུ་ཐུབ་པ་དང་། དེ་རིང་གྲོས་ཚོགས་ནང་ལ་ཕེབས་ཐུབ་ཡོད། ཉེ་ཆར་ང་ཚོ་ཞག་པོ་གཅིག་གཉིས་སྔོན་ལ་རེད། བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཞུ་རྒྱུ་དང་། དེའི་རྗེས་ལ་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་བརྒྱུད་རིམ་དེ་ཚོ་ང་ཚོའི་བརྙན་འཕྲིན་བརྒྱུད་ནས་ཐད་གཏོང་གནང་ཡོད་དུས། རྒྱ་ཆེའི་མང་ཚོགས་རྣམ་པས་ཀྱང་མཁྱེན་ཡོད་རེད་ལ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཡིན་ནའང་ཚང་མས་དགོངས་པར་མངའ་གསལ་རེད། དེ་ཡིན་དུས་དེའི་ཐོག་ལ་གཞན་པ་ཞུ་རྒྱུའི་འབད་བརྩོན་གང་ཡང་ཞུ་གི་མེད། དེ་རིང་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མིའི་ནང་ལ། དེ་སྔོན་གྱི་གྲོས་ཚོགས་ཀྱི་ལས་འཁུར་ཞུ་མྱོང་མཁན་འདིའི་ནང་ལ་ཕེབས་མཁན། གྲོས་ཚོགས་ཀྱི་འཐུས་མི་ཉི་ཤུ་རྩ་གཉིས་དང་། དེ་སྔོན་ལ་གྲོས་ཚོགས་ཀྱི་ལས་ཁུར་ཞུ་མ་མྱོང་མཁན་གསར་དུ་ཕེབས་མཁན་ཉི་ཤུ་རྩ་གསུམ་ཆགས་བསྡད་ཡོད། དེ་ཡིན་དུས་བརྒྱ་ཆ་འདྲ་པོ་མང་ཤས་གསར་པ་ཕེབས་མཁན་ཆགས་བསྡད་ཡོད། གསར་པ་ཕེབས་མཁན་ནང་ལ་ཡིན་ནའང་། ང་ཚོ་བཙན་བྱོལ་གྱི་སྤྱི་ཚོགས་འདི་ཕྱོགས་གཅིག་ནས། རྒྱལ་ཁབ་འདྲ་མིན་ནང་ཁ་འཐོར་ནས་བསྡད་ཡོད་པ་རེད་དེ། ཡང་ཕྱོགས་གཞན་པ་ཞིག་ནས་མི་འབོར་གྱི་ཐོག་ནས་ཤེས་རྟོགས་མེད་པ་དེ་འདྲ་མིན་དུས། ཕྱོགས་འདྲ་མིན་དུ་ང་ཚོ་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་ཐོག་ལས་ཁུར་ཞུ་མྱོང་མཁན་ཤ་སྟག་ཡིན་དུས། དེ་ཡང་དེང་དུས་ཀྱི་ཤེས་ཡོན་ཡོད་པ། ཕ་མེས་ཀྱི་རིག་གཞུང་གི་གོམས་གཤིས་དང་། བག་ཆགས་ཤུགས་ཆེན་པོ་ཡོད་མཁན་ཕེབས་ཡོང་དུས། ང་རང་ཚོ་སྐབས་བཅུ་དྲུག་པའི་གྲོས་ཚོགས་འདིའི་ནང་ལའང་དངོས་གནས་ཐུགས་ཕན་སོས་པ་དང་། ཡིད་ཆེས་ཞུ་ཐུབ་པ་དེ་འདྲ་ཕེབས་འདུག དེ་བཞིན་གྲོས་ཚོགས་ཀྱི་ལས་ཁུར་ཞུ་མྱོང་བའི་འཐུས་མི་རྣམ་པ་ཡིན་ནའང་། དེ་སྔོན་བཙན་བྱོལ་སྒྲིག་འཛུགས་ཀྱིས་མཚོན་པའི་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་རེད། དེས་ན་ང་ཚོ་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཀྱི་ལས་དོན་ཞུ་ཕྱོགས་ཕྱི་ནང་གང་ལ་ཡང་། ཐུགས་ཕན་སོས་པ་དང་། ཉམས་མྱོང་གི་ཐོག་ནས་ཀྱང་ང་ཚོའི་སྤྱི་ཚོགས་ཀྱི་སྣེ་འཁྲིད་ཐུབ་པའི་ནུས་པ་ཆ་ཚང་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ང་ཚོ་རྩ་བའི་བཙན་བྱོལ་ནང་གི་སྒྲིག་འཛུགས་ཤིག་རེད། དེས་ན་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་རྣམ་པ་དང་བསྡུར་ན་བསྡུར་མི་ཐུབ་པ་སྟེ། གནས་སྟངས་གང་གི་ཆ་ནས་ཡིན་ནའང་གཞན་དབང་སྟབས་བསྟུན་ཞིག་ཆགས་བསྡད་ཡོད་པ་རེད། དེས་ན་རྩ་བའི་ང་ཚོའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་ཡོད་པ་དེ་ལེའུ་གསུམ་པའི་ནང་། སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན་ཞེས་པར། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་ཐབས་ཞེས་པ་རེད། དེས་ན་འཛིན་སྐྱོང་བཀའ་ཤག་དང་། གྲོས་ཚོགས་གང་གིས་ལས་དོན་གང་ཞིག་བརྩམས་ཀྱང་། དེ་ཡི་རྒྱ་ལས་མ་བརྒལ་བའི་ཐོག་ནས། དེ་གཉིས་ཀྱི་གཞོགས་འདེགས་སུ་འགྲོ་དགོས་པ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཁྱད་པར་དུ་ང་ཚོ་གྲོས་ཚོགས་ཀྱི་ལས་དོན་གཙོ་བོ་དེ་ཁྲིམས་བཟོ་ལྷན་ཚོགས་ཆགས་ཀྱི་ཡོད་པ་རེད། ང་ཚོ་ད་ལྟ་བར་དུ་མང་གཙོའི་ནང་ལོ་དྲུག་ཅུ་ལ་ཉེ་བ་ཞིག་འགྲོ་ཡི་ཡོད་པ་རེད། མི་གཅིག་གི་མི་ཚེ་ལ་བལྟས་པ་ཡིན་ན་མི་ཚེ་ཕྱེད་ཀ་ལྷག་ཅིག་རྫོགས་ཚར་བ་རེད། དེས་ན་གྲོས་ཚོགས་ཀྱི་ལམ་ལུགས་དེ་གང་ཙམ་རྙིང་པ་ཆགས་ཀྱི་ཡོད་དུས། དེ་འདྲའི་ཐོག་ནས་གཙོ་བོ་ཁྲིམས་བཟོ་བའི་ལས་འགན་ཞིག་དང་། ཕྱོགས་གཞན་ཞིག་ནས་ང་ཚོའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་བྱེད་པ། དེ་བཞིན་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ཐོག་སྟངས་འཛིན་བྱ་ར་བྱ་རྒྱུ། དེ་བཞིན་ང་ཚོའི་མང་ཚོགས་ཀྱི་ནང་དུ་ཤེས་ཡོན་གྱི་གནས་སྟངས་དང་། ཉམ་ཐག་གི་གནས་སྟངས། དེ་མིན་གནས་སྟངས་གང་དང་གང་ཞིག་ཡིན་ཡང་ལག་པ་འཆངས་ནས། སྒྲིག་འཛུགས་དང་མི་མང་བར་གྱི་ཟམ་པ་ལྟ་བུ་ཞིག་བྱེད་དགོས་པ་དེ་ང་ཚོའི་ལས་འགན་གལ་ཆེ་བ་དེ་ཆགས་ཀྱི་ཡོད་པ་རེད། ང་ཚོས་ལས་འགན་དེ་སྒྲུབ་པའི་སྐབས་སུ་བོད་ཀྱི་དཔེ་རུ། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཟེར་བ་ནང་བཞིན་བསམ་ཚུལ་མི་མཐུན་པ་ཡོང་རྒྱུ་ཆོས་ཉིད་རེད། ཡིན་ནའང་བསམ་ཚུལ་མི་མཐུན་པ་ཡོང་བ་ཙམ་གྱི་ཐོག་ནས། ང་རང་ཚོས་ཕན་ཚུན་ལ་མི་དགའ་བར་ལྟ་བ་དང་། སྤྱི་ཚོགས་ནང་དུ་འཁྲུགས་ཐེབས་དགོས་པ་རྩ་བ་ནས་ཡོད་པ་མ་རེད་བསམ་གྱི་ཡོད། ཡིན་ནའང་ང་ཚོས་ནུས་པ་སྒྲིལ་རྒྱུ་དེ་མ་མཐུན་པ་ཡོད་ནའང་། དེ་ལ་བགྲོ་གླེང་དང་། གོ་བསྡུར། སྦྱང་བཤད་བྱས་ཏེ་མཐའ་མ་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་ཕན་ཐོགས་ཐུབ་པའི་ཐག་གཅོད་དུ་འགྲོ་ཐུབ་དགོས་པ་གལ་ཆེན་པོ་རེད། ཐོག་མར་ང་རང་ཚོ་ཡིན་ནའང་སྤྱི་འཐུས་ཀྱི་གྲུབ་ཆར་མཚོན་ན། ཡོང་ཁུངས་དེ་ཆོལ་ཁ་དང་ཆོས་ལུགས་ལས་ཡོང་གི་ཡོད་པ་རེད་དེ། འདིར་སླེབས་ནས་དམ་བཅའ་ཕུལ་ཚར་བའི་ཉིན་མོ་ནས་བོད་སྤྱི་པའི་སྤྱི་མི་ཚད་ལྡན་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། དེས་ན་ལས་དོན་གང་དང་གང་ཞིག་གནང་ན་ཡང་དེ་ཡི་ཀུན་སློང་གི་རྒྱ་ལས་མ་བརྒལ་བའི་ཐོག་ནས་ལས་དོན་རྩོམ་དགོས་པ་གལ་ཆེན་པོ་རེད། དེ་གཅིག་ཞུས་ན་དྲན་སོང་།

IMG_0943

སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ་འཚོག་བཞིན་པ།

དེ་བཞིན་གོང་ཞུས་ལྟར་མང་གཙོའི་ལམ་ལུགས་ལ་ཕྱིན་ནས་ལོ་དྲུག་ཅུ་ལ་ཉེ་བ་འགྲོ་ཡི་ཡོད་པ་རེད། ང་ཚོའི་མང་གཙོའི་སྒྲིག་འཛུགས་ཀྱི་བྱུང་རིམ་ལྟ་བུ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་དང་། ཁོང་གིས་སྐུལ་ལྕག་རིམ་པ་གནང་བ་ལ་བརྟེན་ནས་བྱུང་བ་ཁོ་ན་རེད། དེ་མ་གཏོགས་ང་ཚོ་མང་ཚོགས་ཀྱི་སྟེང་ནས་འདི་ལྟ་བུ་ཞིག་དགོས་ཀྱི་འདུག་དང་། འདི་ལྟ་བུ་ཞིག་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས། ང་ཚོའི་གྲོས་ཚོགས་ནང་ལ་ཁྲིམས་སྒྲིག་གཏན་འབེབས་བྱས་བཞག་པ་ཕལ་ཆེར་ཡོད་པ་མ་རེད་བསམ་གྱི་འདུག བྱས་ཙང་དེ་འདྲའི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེས་མང་གཙོ་གསོལ་རས་གནང་བ་དང་། དེ་བཞིན་དུ་མང་གཙོའི་འགྲོ་སྟངས་ནང་དུ་རྒྱལ་ཁབ་མང་པོ་ཡོད་ནའང། ཚང་མ་ཚ་ཚ་དང་བརྐོས་ཕོར་ནང་བཞིན་མེད་པ་གསལ་པོ་རེད། དེ་བཞིན་དུ་ང་རང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་ལ་དཔག་པའི་མང་གཙོ་འདིའི་ནང་དུའང་ཁྱད་ཆོས་མང་པོ་ཡོད་པ་རེད། ང་ཚོས་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་དེ་འདྲ་སྐད་བཏང་བའི་སྐབས་ང་ཚོས་འགྲེལ་བཤད་བརྒྱབ་དུས། ཧང་སང་སང་གིས་ང་ཚོའི་གྲོས་ཚོགས་ལ་དཔེ་ལེན་དགོས་ས་མི་ཉུང་བ་མང་པོ་འདུག་ཟེར་མཁན་མང་པོ་བྱུང་སོང། དེ་ཡིན་དུས་ང་རང་ཚོའི་ཁྱད་ཆོས་དེ་ནི་ཕྱོགས་གཅིག་ནས་༸སྐྱབས་མགོན་རིན་པོ་ཆེས་ལོ་མང་པོའི་ཉམས་མྱོང་གི་ཐོག་ནས་འཁྲིད་གནང་བ་དང་། དེ་ལ་སྐྱོན་དང་ནོར་འཁྲུལ་གང་ཡང་མེད་པ་ཞིག་མཐོང་གི་ཡོད་པ་རེད། དེ་ནང་བཞིན་ང་ཚོའི་མང་གཙོའི་སྒྲིག་འཛུགས་འདི་དག་ང་ཚོས་སྲུང་སྐྱོབ་དང་བརྒྱུད་འཛིན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཟེར་ནས་ཞུ་འདོད་བྱུང། ང་རང་ཚོ་གཞིས་བྱེས་གཉིས་ཆགས་བསྡད་ཡོད་པ་རེད། དོན་གྱི་བདག་པོ་ནི་བོད་ནང་གི་བོད་མི་རྣམས་ཆགས་བསྡད་ཡོད་རེད། དེ་བས་ཛ་དྲག་གནས་སྟངས་ཀྱི་ཐོག་ནས་བོད་མི་ས་ཡ་དྲུག་ནང་ནས་འབུམ་གཅིག་དང་ཁྲི་ལྔ་མ་ཟིན་ཙམ་བཙན་བྱོལ་ནང་ཡོད་པ་རེད་མ་གཏོགས། མང་པོ་དེ་དག་རྒྱ་ནག་དམར་པོའི་གཞུང་གི་བཙན་གནོན་གྱི་འོག་ན་བསྡད་ཡོད་པ་རེད། དེ་བས་རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར་རེད། ད་བར་ཉིས་སྟོང་དགུ་ནས་རང་ལུས་མེར་བསྲེགས་གཏོང་མཁན་ ༡༤༤ ཙམ་བྱུང་ཡོད་པ་རེད། དེ་བཞིན་དུ་སོ་སོའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས། དེ་བཞིན་ཕན་ཚུན་འགྲོ་བསྐྱོད་ཀྱི་ཐོག་ལ་ཡིན་ནའང་རང་དབང་མེད་པར་བཀག་སྡོམ། དེ་ཡང་ཚད་ལས་བརྒལ་བ་བྱེད་བསྡད་པ་དེ་གསལ་པོ་རེད། དེ་བས་བོད་ནང་གི་གནས་སྟངས་དེ་ཚོ་ང་རང་ཚོས་སེམས་འཚབ་བྱེད་དགོས་པ་དང། ཁོང་རྣམ་པས་ཕྱག་ལས་དེ་དག་ལ་ང་ཚོས་གཞོགས་འདེགས་བྱ་དགོས་པ་དེ་གནད་འགག་ཆགས་ཀྱི་ཡོད་པ་རེད། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་དྲུག་ཅུ་ཉེ་བ་འགྲོ་བཞིན་ཡོད་པ་རེད། ཕྱོགས་གཞན་པ་གཅིག་ནས་ཆབ་སྲིད་ཀྱི་གནད་དོན་ཐོག་ལ་བལྟས་པ་ཡིན་ན། ལོ་གཅིག་གཉིས་སམ་ལོ་བཅུ་ཕྲག་ནང་དུ་འགྱུར་བ་ཕྱིན་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་རེ་བ་ཡོད་པ་རེད། ཡིན་ནའང་ཕྱོགས་གཞན་པ་ཞིག་ནས་བལྟས་ན། ལོ་མང་པོའི་རིང་ལ་འདི་འདྲར་ལྷག་པའི་ཉེན་ཁ་ཡོད་པ་རེད། དེ་བས་ང་ཚོས་ཕྱོགས་གཉིས་ཀྱི་སེམས་ཁུར་བླངས་ནས་བོད་ནང་གི་བོད་མིའི་ཐོག་ལ་སེམས་འཁུར་བྱེད་དགོས་པ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ནང་གི་ཤེས་ཡོན་གྱི་ཐོག་དང་འཕྲོད་བསྟེན་ལ་སོགས་པའི་སྤྱི་པའི་དོན་དག་ལ་ང་ཚོའི་ལྷག་བསམ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མ་ཉམས་པ་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། དེ་བཞིན་༸སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་དགོངས་པ་བཞེས་ཕྱོགས་དེ་དགུང་ལོ་བཅུ་དྲུག་ནས་ང་ཚོར་དུས་ནས་དུས་སུ་ལམ་སྟོན་མཛད་ཡོད་པ་རེད། དེ་གཞིར་བཟུང་གིས་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་ཚོ་ཡིན་ནའང་འདྲ། མང་ཚོགས་ཡིན་ནའང་འདྲ། དེར་ཚད་མཐོན་པོས་གུས་བཀུར་ཞུ་དགོས་ཀྱི་རེད་བསམ་གྱི་ཡོད། ལྷག་པར་དུ་རྒྱ་ནག་གཞུང་ཕྱོགས་ནས་བོད་ཐོག་ལ་མཁྲེགས་བཟུང་དང་དམ་དྲག་གི་སྲིད་བྱུས་དེར་འགྱུར་བ་བཏང་ནས། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་མྱུར་དུ་ཡོང་ཐུབ་རྒྱུར་ཐབས་ཤེས་བྱེད་དགོས་ཀྱི་རེད་ཅེས་ཞུ་འདོད་བྱུང་། དེ་ནས་ང་ཚོས་ཁ་ནང་དུ་སྐོར་བ་ཡིན་ན། བར་ལམ་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྤྱི་ཚོགས་ནང་ལ་བཟང་སྤྱོད་ཀྱི་ཐོག་ལ་གནས་སྟངས་ཉམས་པ་མང་པོ་ཞིག་བྱུང་ཡོད་པ་རེད། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེ་ཐུགས་འཚབ་ཆེན་པོ་བྱེད་དགོོས་པ་བྱུང་ཡོད་པ་རེད། དེ་དག་གི་ཐོག་ཉེ་ཆར་སྲིད་སྐྱོང་དམ་འབུལ་སྐབས་བཀའ་སློབ་རྗེན་པ་ཕེབས་ཡོད་པ་རེད། དེ་དག་ང་ཚོས་ཡིད་ལ་བཟུང་བའི་ཐོག་ནས་གཞུང་གིས་ལས་དོན་སྒྲུབ་ཕྱོགས་ཡིན་ནའང་འདྲ། སོ་སོའི་སྒེར་གྱི་ལས་དོན་བྱེད་ཕྱོགས་ཡིན་ནའང་འདྲ། གང་ལྟར་བཀའ་སློབ་དེ་དག་གི་ནང་དོན་དང་མ་འགལ་བ་ཞིག་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ང་ཚོས་འབད་བརྩོན་བྱེད་དགོས་པ་དེ་ཕྱིན་ཆད་གནས་སྟངས་དེ་འདྲ་མི་ཡོང་བ་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ལས་འགན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོའི་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་ཐེངས་དང་པོ་རེད་ལ། འདིའི་ལས་རིམ་དེ་ནམ་རྒྱུན་བཤད་སྲོལ་ཅིག་ཡོད་རེད། རྩ་བའི་ང་ཚོས་གྲོས་ཚོགས་ཀྱི་ཚོགས་དུས་དེ་ལས་ཉིན་གསུམ་བཞག་ཡོད་པ་རེད། དེ་རིང་གི་ལས་ཉིན་ནང་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གསུམ་དང་། བོད་ནང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག དེ་བཞིན་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པའི་མིང་འདོན་བྱ་རྒྱུ་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་བཀའ་ཤག་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཅིག་བསླེབ་ཀྱི་ཡོད་པ་རེད། ཚོགས་གཙོ་གཉིས་ཀྱིས་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་དེ་འདྲ་ཞིག་བསྒྲིགས་ཡོད། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་རྒྱུ་དང་། ཐུགས་བཞེད་ཐམས་ཅད་ལྷུན་གྱི་འགྲུབ་པ། དེ་བཞིན་བོད་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཕྱི་ནང་ལས་རིམ་ཡོད་ཚད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཀྲ་ཤིས་བདེ་ལེགས་ཡོད།།

Menu