དཔལ་ལྡན་ཚོགས་གཙོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོར་གནང་བའི་གསུང་བཤད།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་ཞུས་གནང་གྲུབ་མཚམས་གསུང་བཤད་གནང་དོན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་། མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནིན་སི་པི་ལོ་སི་ Nancy Pelosi མཆོག་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་། ལྕམ་སྐུ་མཆོག་གིས་དབུ་འཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་རིང་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྱེད་རྣམས་ནི་བོད་ཀྱི་གནད་དོན་ཐོག་ལྷག་བསམ་གཡོ་བ་མེད་པའི་ངང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས། དེ་རིང་ཁྱེད་རྣམས་འདིར་ཕེབས་པ་འདི་བོད་ཀྱི་ལོ་རྒྱུས་ནང་གི་གལ་ཆེའི་དུས་ཤིག་ཡིན། དེས་རྒྱ་ནག་གཞུང་ལ་བོད་ཀྱི་འཐབ་རྩོད་ཐོག་བོད་མི་གཅིག་པུ་མིན་པའི་བརྡ་ལན་ཤུགས་ཆེ་ཞིག་ཀྱང་སྤྲད་ཀྱི་ཡོད།

ང་ཚོས་མཁྱེན་གསལ་ལྟར་བོད་ཀྱི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་དང་། རྩ་ཆེའི་དགོན་པ་གཏོར་བཤིག་མུ་མཐུད་གཏོང་བཞིན་ཡོད། རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་རྩ་བ་ནས་འགྲོ་གི་མེད་པ་གསལ་པོ་རེད།

བོད་ནང་ཆོས་ལུགས་དང་། སྐད་ཡིག ལེགས་བྱང་སོགས་ཀྱི་ཐོག་རང་དབང་མེད་པ་དང་། དེའི་ཐོག་དམ་དྲག་བྱེད་པ་འདི་བོད་ཀྱི་མི་རིགས་རྩ་བརླག་གཏོང་བའི་ངན་བྱུས་ཤིག་ཀྱང་རེད། བོད་ནང་རྒྱ་ཡིག་དར་ཁྱབ་རྒྱ་ཆེ་གཏོང་བ་འདི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བསླབ་པའི་གོ་སྐབས་རྩ་མེད་བཟོ་ཡི་ཡོད། དེ་འདྲའི་དམ་བསྒྲགས་དང་རིག་གཞུང་མཉམ་བསྲེས་བྱས་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དེ་བོད་པ་ལས་བྲལ་བའི་དངངས་འཚབ་ཞིག་ཀྱང་ང་ཚོར་ཡོང་གི་ཡོད།

བོད་ནང་ཡོད་པའི་བོད་མི་རྣམས་ལ་སྤྱི་ཚོགས་ནང་མི་རིགས་དབྱེ་འབྱེད་ཀྱི་མཐོང་ཆུང་དང་། ཕྱི་བསྐྱོད་བཀག་སྡོམ་བྱས་པ་སོགས་དཀའ་ངལ་གྲངས་ཀྱི་མི་ལངས་པ་ཞིག་འཕྲད་བཞིན་ཡོད།

རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་དང་། འཛམ་གླིང་ནང་ཤུགས་རྐྱེན་སྤྲོད་ཆེད་འཛམ་གླིང་ནང་གལ་ཆེ་ཡིན་པའི་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་གཏོང་བ་དང་། བོད་ནས་ཨེ་ཤེ་ཡའི་གླིང་ཕྲན་གྱི་རྒྱལ་ཁབ་ཕལ་མོ་ཆེའི་ནང་བབས་པའི་རྒྱུག་ཆུར་ཆུ་མཛོད་བཙུགས་ནས་ཆུ་བོར་སྟངས་འཛིན་བྱེད་པ་དེས་མ་འོངས་པར་དུས་ཡུན་རིང་པོར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་རྒྱུ་ཡིན་པར་ངེས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་ཀྱི་གནད་དོན་ཞི་བའི་ཐོག་སེལ་ཐབས་ཀྱི་སྲིད་བྱུས་དོན་དངོས་དང་མཐུན་པ་ཞིག་ཡིན། དེའི་ཐབས་ལམ་གྱིས་བོད་མིའི་གཞི་རྩའི་དགོས་མཁོ་སྒྲུབ་ཐུབ་པ་དང་ཆབས་ཅིག་རྒྱ་ནག་གི་མཐུན་སྒྲིལ་དང་། བརྟན་ལྷིང་ལ་གནོད་པ་མེད་པ་རྒྱ་ནག་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་གྲོས་མོལ་ཡོངས་ཐབས་ལ་ཁྱེད་རྣམ་པས་རྒྱ་མིའི་གནད་ཡོད་མི་སྣར་འབོད་སྐུལ་གནང་བའི་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐད་(Tibetan policy Act of 2002)བཞག་པ་དེ་བོད་མི་ཚོར་མཚོན་ན་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་ནང་གྲུབ་འབྲས་ཆེན་པོ་ཞིག་ཐོབ་པ་དང་། དེ་ག་ནང་བཞིན་གནས་ཡུལ་རྒྱ་གར་རྒྱལ་ཁབ་ཀྱང་བོད་དང་བོད་མི་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན།

ཁྱེད་རྣམ་པས་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་རྒྱུན་མཐུད་རྒྱབ་སྐྱོར་གནང་བར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པའི་རྒྱབ་སྐྱོར་གྱིས་ང་ཚོར་བོད་ཀྱི་འཐབ་རྩོད་ལ་སེམས་ཤུགས་དང་། རེ་བ་སྦྱིན་པ་མ་ཟད་ལྷག་པར་དུ་བོད་ནང་ཡོད་པའི་གཞིས་ལུས་བོད་མི་ཚོར་རེ་བའི་གསོན་ཤུགས་ཀྱང་སྤྲོད་བཞིན་ཡོད། བྱས་ཙང་ཁྱེད་རྣམས་ཀྱི་ལྷག་བསམ་རྣམ་དག་གི་བོད་དོན་རྒྱབ་སྐྱོར་གནང་བ་དེ་ང་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན།

ངས་བསྐྱར་དུ་ཁྱེད་རྣམ་པས་རྩ་ཆེའི་དུས་ཚོད་བཏང་སྟེ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པའི་རྒྱབ་སྐྱོར་འོག་བོད་ཀྱི་བདེན་མཐའ་སེལ་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད།།

Menu