དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

༄༅། །དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་མཐའ་མ་དེ་རེད། རྩ་བའི་ཉིན་བརྒྱད་མ་གཏོགས་ཚོགས་མེད་ཀྱང་། ལས་དོན་གང་ཅིའི་ཐོག་ནས་ཚགས་ཚུད་པོ་དང་། མཉམ་རུབ་ཀྱི་ནུས་པ་ཤུགས་ཆེན་པོ་ཞིག་བཏོན་ཐུབ་སོང་སྙམ་ནས། ཚོགས་གཙོ་སྦྲེལ་པོའི་ངོས་ནས་སྤོབས་པ་ཆེན་པོ་ཡོད་ལ། འདི་དག་ལམ་ལྷོང་ཡོང་བའི་ཆ་རྐྱེན་སྐྲུན་མཁན་དཔལ་ལྡན་བཀའ་ཤག་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་ཐུགས་འགན་བཞེས་ནས་ལེགས་གྲུབ་བྱུང་བ་ཡིན་པ་བཤད་མི་དགོས་པར་སོང་། འཛིན་སྐྱོང་བཀའ་ཤག་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

ཉིན་བརྒྱད་ཀྱི་ལས་རིམ་དེའི་ནང་དུ་ཐོག་མར་ཚོགས་གཙོས་དབུ་འབྱེད་གཏམ་བཤད་སྐབས་སུ་བཤད་པ་ནང་བཞིན་ང་ཚོར་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་བཞི་ཙམ་བྱུང་སོང་། ལྷག་པར་དུ་དེའི་ནང་ནས་བོད་ནང་ལ་རང་ལུས་མེར་བསྲེགས་གཏོང་གནང་མཁན་ ༥༡ དང་། འདས་གྲོངས་སུ་ཕྱིན་པ་ ༤༡ ཁོང་རྣམ་པ་ཚང་མར་བསྔོ་སྨོན་ཞུས་པར་མ་ཟད། འདས་གྲོངས་སུ་ཕྱིན་པ་དང་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་མ་ཕྱིན་པ་ཚང་མའི་ནང་མི་དང་། སྤུན་མཆེད། གྲོང་སྡེ། རྒྱ་ཆེ་ས་ནས་བཤད་ན་བོད་ས་ཡོངས་རྫོགས་ལ་བསམ་བློ་གཅིག་མཐུན་ཡིན་པ་འདིའི་ཐོག་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཐུབ་པ་དང་། ཡོང་ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་གྱི་ཐོག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་དང་། དམིགས་བསལ་ཚོགས་ཆེན་གྲུབ་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པས་བསྔོ་བ་སྨོན་ལམ་འདོན་རྒྱུའི་གོ་སྐབས་ཡོང་གི་རེད།
ལས་ཉིན་དང་པོར་བོད་ནང་ཛ་དྲག་གི་གནས་སྟངས་ཐོག་ཏུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཞག་གནང་བ་རེད། དེའི་ཐོག་ཏུ་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་བོད་ནང་དུ་ཛ་དྲག་གི་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་ཀྱི་སྐོར་གནད་དོན་རེ་རེ་བཞིན་གསུངས་པ་དེ་དག་ནུས་པ་མཉམ་སྤུངས་གནང་བ་ཡིན་ན། ད་ལྟའི་གནས་སྟངས་ཛ་དྲག་ཅིག་གི་མཚམས་སུ་འགྲོ་བཞིན་པ་འདི་དག་མང་ཚོགས་ཀྱིས་རྟོགས་ཐུབ་སོང་སྙམ་པའི་རེ་བ་བྱེད་བཞིན་ཡོད། མང་ཚོགས་ཀྱི་ནང་ནས། སྤྱིར་བཏང་གྲོས་ཚོགས་ཀྱི་ལས་རིམ་འདི་དག་ལ་ཐུགས་སྣང་གནང་མཁན་ཤུགས་ཆེ་རུ་ཕྱིན་ཡོད་རེད། ཕྱི་རྒྱལ་ཁག་ནས་ཕེབས་མཁན་ཚོ་ཡིན་ན་ཐད་ཀར་དྲ་རྒྱའི་ལམ་ནས་གཟིགས་མཁན་མང་པོ་རེད། ང་ཚོ་ནི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པས། དེ་དག་ལ་ཐུགས་སྣང་གནང་བ་ཡག་པོ་རེད། དེ་དག་དགོས་མཁོ་ཞིག་རེད། སོ་སོས་ཐུགས་སྣང་གནང་བ་ནང་བཞིན་གཞན་པར་འགྲེལ་བཤད་སྐྱོན་ཐུབ་ན་བོད་མིའི་སྤྱི་ཚོགས་ཡོངས་ལ་གནས་ཚུལ་དེ་དག་ཁྱབ་ཐུབ་པ་དང་། མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་རང་བཞིན་གྱི་མཐོ་རུ་འགྲོ་བའི་གནས་བབ་ཤིག་ཆགས་འདུག་ཅེས་ཞུ་རྒྱུ་ཡིན།
རྩ་བའི་ཕྱི་ཟླ་དགུ་པའི་གྲོས་ཚོགས་ཚོགས་པའི་སྐབས་སུ་དུས་ཚོད་མང་བ་དེ་ལས་བསྡོམས་ཞུ་ཡི་ཡོད། ཉིན་བརྒྱད་ཀྱི་ནང་དུ་ཆུ་ཚོད་དང་སྐར་མ་ཆ་ཚང་ཞིག་བགྲངས་རྒྱུ་མ་བྱུང་སྟེ། ཕལ་ཆེར་ཉིན་ལྔ་ཙམ་གྱི་རིང་དུ་དཔལ་ལྡན་བཀའ་ཤག་གིས་ལས་ཁུངས་གོ་རིམ་བཞིན་ལས་བསྡོམས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྣམ་པ་ཚོས་ཐུགས་འཁུར་ཆེན་པོའི་ཐོག་ནས་དེའི་ནང་དུ་མཉམ་ཞུགས་གནང་བར་མ་ཟད། གནད་དོན་གང་གི་ཐོག་ཏུ་གསུངས་པ་ཡིན་ནའང་རྒྱུ་མཚན་ཁུངས་འཕེར་གྱི་ཐོག་ནས་གནས་ལུགས་དྲངས་རྒྱུ་དང་། དགའ་སྤོབས་ཡོད་པའི་གནས་སྟངས་ཤིག་བྱུང་སོང་སྙམ་ཡོད། སྤྱི་འཐུས་རྣམ་པ་ཚོ་ས་གནས་ས་བགོས་ཀྱིས་ཕྱོགས་མཐའ་ཁག་ཏུ་ཕེབས་པས། སོ་སོའི་ས་གནས་དེ་དག་གི་གནས་བབ་སྔོན་མ་དང་མ་འདྲ་བར་དེང་སང་གི་གནད་དོན་གསུངས་པའི་སྐབས་སུ་གནད་དོན་ཟབ་རྒྱས་དང་ཁུངས་བསྐྱེལ་རྒྱུ་ཡོད་པ་དེ་འདྲའི་བཀའ་མོལ་གསུངས་པ་སོང་ཙང་། དེ་དང་ཕྱོགས་མཚུངས་གྲོས་ཚོགས་ཀྱི་འཐུས་མི་མ་ཡིན་པ་ཚོར་བཀལ་མོལ་གསུངས་པའི་སྐབས་སུ་གྲོས་ཚོགས་ཀྱི་བགྲོ་གླེང་གནས་ཚད་མཐོ་བོ་འདུག་ཅེས་གསུངས་མཁན་དེ་འདྲ་བྱུང་སོང་། དེས་བོད་མི་མང་གི་གྲོས་ཚོགས་ལ་ཆེ་མཐོང་དང་། ཕན་ཐོགས་ཡོད་པའི་གནས་སྟངས་ཤིག་རེད། དེ་བཞིན་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ལས་ཁུངས་ཀྱི་བཀའ་བློན་རྣམ་པ་ཚོས་མཚན་ལ་ཕྱི་པོ་བཞུགས་དགོས་བྱུང་ནའང་བཞུགས་ནས། སྤྱི་འཐུས་མི་རེ་ངོ་རེས་བཏང་བའི་དྲི་བ་དེ་དག་ཚང་མར་ལན་འདེབས་ཟབ་ཅིང་རྒྱས་པར་ལན་འདེབས་གནང་སོང་། མང་ཚོགས་ཀྱིས་ཐུགས་སྣང་གནང་བ་ཡིན་ནའང་ང་ཚོའི་དཀའ་ངལ་འདི་དག་གྲོས་ཚོགས་ཀྱི་ནང་དུ་སླེབས་སོང་། འཛིན་སྐྱོང་བཀའ་ཤག་གི་དགོངས་པ་དེ་འདྲ་རེད་འདུག དེ་དག་གི་ཐོག་ནས་གནས་སྟངས་གསལ་པོ་ཆགས་ཡོད་པའི་རེ་བ་བྱེད་བཞིན་ཡོད། རྩ་བའི་གྲོས་ཚོགས་ཀྱི་ནང་དུ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། འབྲེལ་ཡོད་འཛིན་སྐྱོང་གི་ལས་བྱེད་རྣམ་པ་ཕེབས་ཀྱི་ཡོད་པ་རེད། ཚོགས་ཁང་འདིའི་ནང་དུ་ཟུར་ཉན་པ་མང་པོ་བཞུགས་སའི་ས་ཆ་མེད་པ་རེད། ཡིན་ནའང་གྲོས་ཚོགས་ཀྱི་ནང་དུ་གང་གསུངས་པ་དེ་དག་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མང་ཚོགས་ལ་གསལ་བཤད་ཞུ་དགོས་པ་དང་། མང་ཚོགས་ལ་གསལ་པོ་ཆགས་དགོས་པའི་གནས་ཚུལ་ཞིག་གསུངས་ཡོང་དུས་དེ་ཚོས་ཀྱང་ཐུགས་ཕན་གསོས་ཐུབ་པ་བྱུང་སོང་ཞེས་ཞུ་འདོད་བྱུང་།
གོང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ནང་བཞིན་གྲོས་ཚོགས་ཀྱི་ནང་དུ་ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཐོག་ནས། སྲིད་སྐྱོང་ཞེས་པར་བསྒྱུར་ཐུབ་པ་རེད། རྩ་བའི་ད་ལྟ་ཡར་ལངས་ནས་ཚོགས་གཙོའི་མིང་ཞིག་འཁྱེར་བར་སོང་། གནད་དོན་གང་གི་ཐོག་ཏུ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གང་ཡིན་པ་ཤེས་མཁན་གྱི་མི་ཞིག་གི་གནས་སྟངས་ཤིག་ཆགས་ཡོད། ཡིན་ནའང་སྐབས་རེ་བརྗོད་བདེ་དང་མི་བདེ་དེ་འདྲའི་རིགས་ཡོང་གི་ཡོད་པ་རེད། དེ་རིང་འདིར་བཀའ་བློན་ཁྲི་པའི་མཚན་བྱང་དེ་སྲིད་སྐྱོང་ལ་བསྒྱུར་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་ནང་དུ་བཀའ་བློན་ཁྲི་པ་དེ་སྲིད་སྐྱོང་ལ་བསྒྱུར་དགོས་པའི་དགོས་པ་གཞན་གང་ཡང་ཡོད་པ་མ་རེད། ཡིན་ནའང་ཁྲིམས་ཀྱི་གནས་བབ་ལྷག་སླད་དུ་སྔོན་མ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དེ། ད་ལྟ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་སུ་རྩིས་སྤྲོད་བྱེད་བཞིན་ཡོད་ཅེས་པ་དེས། བོད་གཞུང་དགའ་ལྡན་ཕོ་བྲང་མཚམས་ཆད་ཀྱང་། ཚད་དང་ལྡན་པའི་མང་གཙོའི་ལམ་ལུགས་ཤིག་འགྲོ་བཞིན་པའི་སྒྲིག་འཛུགས་འདིའང་རྒྱུན་མ་ཆད་པ་བོད་གཞུང་གི་གནས་བབ་གནས་སླད་དང་། ད་ལྟའི་མིང་བྱང་འགྱུར་བ་བཏང་མིན་ལ་མ་ལྟོས་པར་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚང་མས་ངོས་ལེན་གནང་བ་ཡིན་ན། དེས་ཁྲིམས་མཐུན་གྱི་གནས་བབ་ལ་ཕན་ཐོགས་སྲིད་པའི་གནས་སྟངས་ཤིག་ཡིན་པར་སོང་། ཁ་སང་བཅའ་ཁྲིམས་བསྐྱར་བཅོས་སྲིད་སྐྱོང་གི་འགྱུར་བ་གཏན་ལ་ཕབ་ཟིན་རྗེས་ཚོགས་གཙོ་སྦྲེལ་པོའི་ངོས་ནས་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་བྱུང་། དེ་རིང་སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུའི་འདོད་པ་བྱུང་། དེ་དང་ཕྱོགས་མཚུངས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ནང་དུ་མང་གཙོའི་འཕེལ་རིམ་གྱི་གོམ་སྟབས་མང་པོ་ཞིག་བརྒྱབས་ཚར་བ་རེད། ད་ལྟ་ཡིན་ནའང་གནས་སྟངས་ཁ་ཤས་ཤིག་ལ་གོམ་པ་སྤོ་རྒྱུར་ལུས་ཡོད། ལྷག་པར་དུ་ལྷོ་ཕྱོགས་ཀྱི་གཞིས་ཆགས་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཉིས་ཡིན་ནའང་ས་གནས་འཐུས་ཚོགས་བཙུགས་མ་ཐུབ་པ་དང་། རང་བདེན་ཚོགས་ཆུང་གི་དཀའ་ངལ་དེ་རིང་གྲོས་ཆོད་ཀྱི་ལམ་ནས་བསལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ལ། བསལ་དགོས་ཀྱི་རེད་བསམ་བཞིན་ཡོད། ས་གནས་འཐུས་ཚོགས་བཙུགས་མ་ཐུབ་པ་དང་། དེ་བཞིན་ས་གནས་འགའ་ཞིག་གི་གནས་སྟངས་དེའང་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པའི་རྒྱུ་མཚན་དེར་བརྟེན་ནས། བཅའ་ཁྲིམས་དོན་ཚན་བདུན་ཅུ་དོན་བརྒྱད་པའི་ནང་གསེས་གཉིས་པའི་ཁ་པ་དེ་ལ་འགྱུར་བ་བཏང་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས། ས་གནས་གཞན་པ་ལ་འཛུགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
ང་ཚོའི་ཁ་གཏད་དེ་རྒྱ་ནག་སྲིད་གཞུང་རེད། རྒྱ་ནག་སྲིད་གཞུང་དེ་རྒྱ་ནག་གི་མི་འགའ་ཞིག་གིས་བཟུང་བསྡད་པ་རེད། རྩ་བའི་ཆ་ནས་འདས་པའི་ལོ་སུམ་ཅུའི་ནང་དུ་རྒྱ་ནག་གི་གནས་བབ་དེའང་སྔར་དང་མ་འདྲ་བའི་ཤུགས་ཆེ་རུ་ཕྱིན་པ་རེད། དཔལ་འབྱོར་དང་། དམག ཆབ་སྲིད་ཀྱི་དབང་ཆ། འཛམ་བུ་གླིང་གི་ནང་དུ་དཔལ་འབྱོར་གྱི་གནས་བབ་ཨང་ཀི་གཉིས་པར་སླེབས་པ་དང་། དམག་གི་ཐོག་ནས་ཡིན་ནའང་ཕལ་ཆེར་ཨང་གཉིས་པ་གསུམ་པ་ཞིག་གི་མཚམས་སུ་སླེབས་ཡོད་པ་རེད། སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་རེད། ཡིན་ནའང་། རྒྱ་ནག་གི་ནང་དུ་དཀའ་ངལ་ཆེ་ཆུང་མང་པོ་ཞིག་འཕྲད་པ་དེ་ཡང་། རྒྱུད་ལམ་ཁག་ནས་ཚང་མས་མཁྱེན་པ་ལྟར་འགྲོ་བཞིན་པའི་འགོ་ཁྲིད་བརྗེ་རྒྱུའི་ལམ་ལུགས་དེ་དག་གི་སྐོར་རེད། ཕྱིར་བསྒྲགས་བྱེད་མི་ཐུབ་པ་དེ་འདྲའི་གནས་བབ་ཡོད་པ་རེད། དཔལ་འབྱོར་ཡར་རྒྱས་འགྲོ་བའི་ཐོག་ནས་ལས་ཀ་མ་རག་པའི་དཀའ་ངལ་ཡོད་བཞིན་པ་རེད། ཁ་ཤས་ཀྱིས་ཚོད་དཔག་བྱས་པར་བལྟས་པ་ཡིན་ན། རྒྱ་ནག་གི་གྲོང་གསེབ་ནང་ནས་རྒྱལ་སའི་ནང་དུ་ལས་ཀ་བྱེད་དུ་འགྲོ་མཁན་རྒྱ་མི་རིགས་ས་ཡ་གཉིས་ལྷག་ཙམ་ཡོད་ཅེས་ཤོད་བཞིན་འདུག རྒྱ་མི་རིགས་གྲོང་གསེབ་ནས་གྲོང་ཁྱེར་དུ་སླེབས་པ་དེ་དག་ཤེས་ཡོན་གྱི་ཐོབ་ཐང་དང་། རྒས་ཡོལ་གྱི་ཐོབ་ཐང་། ངལ་རྩོལ་བའི་ཐོབ་ཐང་སོགས་མང་པོ་ཞིག་ལ་དབྱེ་འབྱེད་ཡོད་པར་བརྟེན་ནས། རྒྱ་ནག་གི་ནང་དུ་སྤྱི་ཚོགས་བརྟན་བརླིང་མེད་པ་དང་། ཆབ་སྲིད་ལ་བརྟན་བརླིང་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་དག་ཆགས་ཡོད། དེ་དང་ཕྱོགས་མཚུངས་ས་ཆའི་བདག་དབང་གི་སྐོར་ལ་ས་གནས་དཔོན་རིགས་ཚོས་ས་ཆ་བཙན་དབང་དུ་བཟུང་བའི་གནས་སྟངས་ཤིག་ཡོད་པ་རེད། ངལ་རྩོལ་བ་དེ་དག་ཁྲིམས་དང་མཐུན་པའི་རྒྱལ་སའི་ནང་དུ་སྡོད་ཆོག་གི་མེད་པའི་གནས་ཚུལ་དེ་དག་དང་། ས་ཆའི་བདག་དབང་དེ་དག་གིས་ལྐོག་ཟ་རུལ་སུངས་ཆགས་པ་རེད། ལྐོག་ཟ་རུལ་སུངས་ཤུགས་ཆེ་དྲགས་པའི་དབང་གིས་རྒྱ་ནག་ཁོ་རང་གིས་དགྲ་བོ་ངོ་མ་དེ་ལྐོག་ཟ་རུལ་སུངས་དེ་དག་བརྩི་བཞིན་ཡོད་པ་རེད། ཉེན་ཁ་ཆེ་ཤོས་དེ་རྒྱ་ནག་ནང་དུ་འགྱུར་འགྲོས་དེ་དག་འགྲོ་བཞིིན་པ་དེས་རྒྱ་ནག་གི་ནང་དུ་བརྟན་བརླིང་མེད་པའི་གཞི་རྩ་ཆགས་ཀྱི་ཡོད་ན། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་པར་གནོད་འཚེ་བྱ་མི་སྲིད་པའི་ངེས་ཤེས་རྙེད་པའི་མཁས་པ་སུ་གཅིག་མེད། གནས་སྟངས་དེའི་དབང་གིས་འབྱུང་འགྱུར་གྱི་ལོ་ལྔ་དང་བཅུའི་ནང་དུ་རྒྱ་ནག་གིས་གདོང་ལེན་བྱ་དགོས་པའི་གནད་དོན་མང་དག་ཅིག་མངོན་གསལ་ཆགས་ཡོང་གི་རེད། མངོན་གསལ་ཆགས་པའི་སྐབས་སུ་བོད་པའི་གནས་སྟངས་གང་འདྲ་ཞིག་སླེབས་ས་རེད། རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་ཆེན་པོ་དེའི་ནང་དུ་བོད་པའི་གནད་དོན་གང་འདྲ་ཞིག་ཆགས་ཀྱི་འདུག ང་ཚོས་གོ་སྐབས་གང་འདྲ་ཞིག་བཟུང་དགོས་ཀྱི་འདུག དེ་དག་གི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད་བསམ་བཞིན་ཡོད། གོང་དུ་བཀའ་ཤག་གིས་ལས་བསྡོམས་དང་འབྲེལ་བའི་གསལ་བཤད་ཀྱི་སྐབས་སུ་གསུངས་སོང་། སོ་སོའི་ངོས་ནས་དུས་རྒྱུན་དུ་དེ་འདྲ་བསམས་མྱོང་། རྒྱ་ནག་ལ་ནང་ནས་དགྲ་མང་པོ་ཡོད་པའི་སྒང་ལ། ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་མ་མཐུན་པ་དང་། དགྲ་བཟོ་བཞིན་ཡོད་པའི་གནས་སྟངས་ཤིག་གི་འོག་ཏུ་འགྲོ་བཞིན་ཡོད་པ་རེད། ལྷོ་རྒྱ་མཚོ་དང་འབྲེལ་བའི་གནས་སྟངས་མང་པོ་ཞིག་ཆགས་ཡོང་དུས། བོད་པའི་གནས་ཚུལ་འདི་དག་ཁོང་ཚོས་སུན་གཙེར་ཆེན་པོའི་ཐོག་ནས་ལྟ་གི་རེད་དྲན་གྱི་འདུག དེར་བརྟེན་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་གང་ཡིན་པ་དེ་དག་རྒྱ་ནག་གི་མི་སེར་ཚོར་ངོ་སྤྲོད་དང་། གསལ་པོར་བཤད་ཐུབ་དགོས་ཀྱི་ཡོད་པ་རེད། སོ་སོར་ལངས་ཕྱོགས་རེ་ཡོད་མོད། ཡིན་ནའང་རྒྱ་ནག་གི་མི་སེར་ཚོས་མཁྱེན་རྟོགས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོས་རང་བཙན་འདོར་ནས། གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞི་ཞིག་གི་ཐོག་ཏུ་འགྲོ་བཞིན་ཡོད་པ་རེད། བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག ཆོས་དང་རིག་གཞུང་། ཡུལ་གྱི་གོམས་པའི་གཤིས་ལུགས་མཚོན་པའི་དེ་དག་སྲུང་སྐྱོབ་ཀྱི་སླད་དུ་རྩོད་བཞིན་ཡོད་པ་འདི་དག་རྒྱ་ནག་གི་འགོ་ཁྲིད་ཚོ་དང་། རྒྱ་ནག་གི་མི་མང་ཚོས་གསལ་པོར་རྟོགས་ཐུབ་པ་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འབྱུང་གཞིའི་སྐོར་དེ་ང་རང་ཚོ་ནང་ཁུལ་གྱི་གནད་དོན་ཞིག་རེད། དེ་དག་ད་ལྟ་འདིར་གྲོས་ཆོད་བཞག་པ་ནང་བཞིན་རིམ་པས་སེལ་ཐུབ་ཀྱི་རེད། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀས་ཐུགས་འགན་བཞེས་ནས། གཉིས་ཀའི་ལང་ཕྱོགས་གང་ཡིན་པ་དེ་དག་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་། གཞན་ལ་འགྲེལ་བཤད་བསྐྱོན་རྒྱུ་གལ་ཆེན་པོ་རེད། འདི་དག་ཚད་དང་ལྡན་པ་ཞིག་བྱེད་ཐུབ་ན་དགེ་མཚན་ཡོང་གི་རེད།
དེ་ལས་ཀྱང་གལ་ཆེ་བ་ཕྱི་རུ་གདོང་ལེན་བྱ་རྒྱུ་དེ་རེད། རྡ་རམ་ས་ལ་རང་ནས་ཆབ་སྲིད་ཀྱི་གོ་བརྡ་མི་འདྲ་བ་འདི་འདྲ་མ་སྤྲད་དགོས་ཡས་འདི་གལ་ཆེན་པོ་རེད། བོད་མི་ཡོངས་རྫོགས་ཀྱི་བསམ་ཚུལ་གྱི་ནུས་པ་གཅིག་ཏུ་སྤུངས་རྒྱུ་དེ་གལ་ཆེན་ཡིན་པར་བརྟེན། ཆིག་སྒྲིལ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟ་བར་དུ་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་དུ་ལས་འགུལ་སྣ་མང་སྤེལ་བ་རེད། ཡིན་ནའང་ང་ཚོས་རེ་བ་བརྒྱབས་པ་ནང་བཞིན་གྲུབ་འབྲས་བྱུང་མེད་པ་གསལ་པོ་རེད། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསལ་བཤད་གནང་བ་ནང་བཞིན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་གཙོ་བོ་རེད། བྷོ་ར་སོ་ཁོང་དང་ཁོང་གི་ཕྱག་རོགས་གཉིས་ཀྱིས་ཉེ་ཆར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་ནག་གཞུང་གཉིས་བར་འབྲེལ་མོལ་གྱི་སྐབས་སུ་བོད་དོན་ཐད་ལ་བཀའ་མོལ་ཤུགས་ཆེ་གནང་བའི་གནས་སྟངས་དེ། ཚོགས་གཙོ་ཡུ་རོབ་ཏུ་ཕྱིན་པའི་སྐབས་སུ་ཁོང་ཚོས་གླེང་གི་ཡིན་ཞེས་གསུངས་ཀྱི་འདུག དེ་དང་ཕྱོགས་མཚུངས་དེ་རིང་གླེང་ཡོད་པའི་དཔང་རྟགས་ཤུགས་ཆེན་པོ་རེད། སུད་སི་ཕྱི་སྲིད་ལས་ཁུངས་ནས་བཀའ་མོལ་གསུངས་པ་དེ་དག་གོང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ནང་བཞིན་ Human Rights Watch ཡིས་གསུངས་པ་དེ་འདྲའི་རིགས་ད་ལྟ་བར་དུ་བྱུང་ཡོད་པ་མ་རེད། རིམ་པས་རྒྱལ་ཁབ་མང་པོས་བོད་དོན་གྱི་སྐོར་ལ་རྒྱབ་སྐྱོར་སླེབས་ཡོང་བའི་གནས་སྟངས་ཤིག་འདུག དམིགས་བསལ་ཚོགས་ཆེན་ཚོགས་པའི་སྐབས་སུ་རིམ་པའི་ལས་རིམ་མང་པོ་ཞིག་བང་བསྒྲིག་ཡོང་གི་རེད་བསམ་བཞིན་ཡོད། དེ་དག་ལ་འགན་ཁུར་རྒྱུ་གལ་ཆེན་པོ་རེད། སྔོན་མ་ལས་ལྷག་ཙམ་གནང་དགོས་རེད། དེང་སང་གི་དུས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་བྱ་རྒྱུ་དེ་ལས་སླ་བོ་མི་འདུག ང་རང་སྒེར་གྱི་ཉམས་མྱོང་གི་ཐོག་ནས་བཤད་པ་ཡིན་ན། ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དྲུག་ལོར་ང་རང་སྤྱི་འཐུས་ལ་ལངས་པ་རེད། སྐབས་དེར་འོས་ཐོབ་དང་མ་ཐོབ་ཀྱི་གནས་སྟངས་ཁོ་ན་ལས་འོས་ཆོས་རྩོད་ནས་སླེབས་པ་རྩ་བ་ནས་མ་རེད། དེང་སང་ངས་འགན་འཁུར་ཐུབ་ཀྱི་ཡོད་ཟེར་ནས། མང་ཚོགས་ཀྱི་ནང་དུ་འོས་བླུག་རོགས་གྱིས་ཟེར་ནས་འགྲོ་བཞིན་ཡོད་པ་རེད། འོས་ཐོབ་ནས་གྲོས་ཚོགས་སུ་ཕེབས་ཐུབ་ཙམ་མ་ཡིན་པར། སྤྱི་པའི་ལས་དོན་ལ་དུས་ཚོད་མང་ཙམ་ཞིག་གཏོང་དགོས་པའི་གནས་བབ་ཅིག་རང་བཞིན་གྱི་གནད་འགག་ཆེན་པོ་ཆགས་འདུག ད་ལྟ་བར་དུ་ང་ཚོ་གང་ཐུབ་ཐུབ་ཀྱི་ཡག་པོ་བྱུང་བ་རེད། མ་འོངས་པར་ཡང་དེ་ལས་ལྷག་ཙམ་ཞིག་དུས་ཚོད་གཏོང་དགོས་པ་དང་། འགན་འཁྱེར་དགོས་པའི་གནས་བབ་ཅིག་དམིགས་བསལ་ཚོགས་ཆེན་ཚོགས་པའི་རྗེས་སུ་རང་བཞིན་གྱི་འགན་འཁྲི་སླེབས་ཡོང་གི་རེད། དེའི་སྐབས་སུ་ཕྱིར་འཐེན་མེད་པར་ཚང་མའི་ནུས་པ་མཉམ་དུ་སྤུངས་དགོས་པ་གལ་ཆེན་པོ་རེད། གཅིག་གིས་གཅིག་ལ་ཕར་འཐེན་ཚུར་འཐེན་བགྱིད་བསྡད་པར་མ་ཡིན་པར་མཉམ་རུབ་གནང་རོགས་གྱིས་ཟེར་ནས་མཐུན་རྐྱེན་བསྐྲུན་རྒྱུ་གལ་ཆེན་པོ་རེད། ཁ་སང་སྔོན་མ་གྲོས་ཚོགས་ཀྱི་སྐབས་སུ་གསུང་སྐད་ཤོར་མཁན་དེ་འདྲ་བྱུང་སོང་། ཚོགས་གཙོ་གཉིས་ལ་སྐུ་ངལ་འཕྲད་བཞིན་འདུག ཚོགས་ཆུང་བཙུགས་དགོས་ཟེར་དུས་མིས་མ་འདང་བའི་དཀའ་ངལ་དང་། མི་ཡོད་པ་ཡིན་ནའང་ཞུགས་མ་ཐུབ་པའི་དཀའ་ངལ། དེ་འདྲའི་དཀའ་ངལ་གྱི་ཐོག་ནས་གྲོས་ཚོགས་འདིའི་ནང་དུ་ཚོར་བ་ཤུགས་ཆེན་པོ་གསུང་མཁན་ཡོད་པ་རེད་ཀྱང་། ས་གནས་ལ་དངོས་སུ་ཕེབས་ནས་ལས་དོན་གང་འདྲ་ཞིག་སྒྲུབ་ཐུབ་ཀྱི་ཡོད་མེད་དེ། སོ་སོས་དཔྱད་པ་བགྱིས་ན་མཁྱེན་ཐུབ་པ་ཞིག་རེད། དེ་དག་གི་སྐོར་ལ་སྔར་ལས་ལྷག་ཙམ་འགན་ཁུར་དགོས་པ་གལ་ཆེན་པོ་འདུག་སྙམ་བཞིན་ཡོད།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ནང་བཞིན་ཨ་རིའི་གྲོས་ཚོགས་ནང་ལ་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་ལ་ཁོང་ཚོས་དམིགས་བསལ་གྱི་གྲོས་ཆོད་ཅིག་བཞག་པ་རེད། དེ་ཡང་བོད་དོན་དང་འབྲེལ་བ་ཆགས་འདུག་ལ། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་ཁོང་རང་གི་སྒེར་གྱི་འབྲེལ་བ་ཞིག་ཆགས་ཡོད། དེའི་ནང་དུ་བཞག་པའི་གལ་ཆེན་གྱི་གྲོས་ཆོད་དེ་དག་ངས་དེའི་སྔོན་དུ་རྒྱལ་ཁབ་གཞན་པའི་དབར་དུ་གྲོས་ཆོད་བཞག་པ་གོ་མྱོང་མེད། སྒེར་གྱི་གྲོས་ཆོད་དེ་འདྲ་ཞིག་ཕལ་ཆེར་བྱུང་མྱོང་མེད་པ་རེད། ངས་གོ་མྱོང་མེད་པར་བརྟེན་ཁོང་རང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འོག་དཔུང་འདེགས་ཞུ་རྒྱུའི་མཚོན་པའི་དམིགས་བསལ་སྐུ་ཚབ་ཀྱི་འགན་ཁུར་བའི་ཐོག་ནས། ལྷག་པར་དུ་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་དུ་བོད་དོན་རྒྱབ་སྐྱོར་བཙལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་གཉིས་སྨན་དབུ་མའི་ལམ་གྱི་གྲུབ་དོན་གཞིར་བཟུང་ནས། ལས་འགན་ཆེན་པོ་ཞིག་བསྒྲུབས་ཐུབ་ཡོད་པར། གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་ཚང་མ་གྲོས་ཚོགས་གོང་མའི་ཆབ་སྲིད་པ་རྒན་པ་ཤས་ཆེར་གྱིས་བཏོན་པ་རེད། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་མུ་མཐུད་ནས་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། དེ་དག་གྲོས་ཚོགས་ཀྱི་མཇུག་བསྡོམས་འདིའི་ཐོག་ཏུ་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུའི་འདོད་པ་བྱུང་། དེ་བཞིན་རྣམ་པ་ཚང་མས་མཁྱེན་པ་ལྟར་ལས་དོན་འདི་དག་ཚགས་ཚུད་ཡོང་སླད། ཚོགས་དྲུང་ལས་ཁུངས་ཀྱིས་ཐུགས་འགན་ཆེན་པོ་ཞིག་མ་བཞེས་ན་ཁག་པོ་རེད། ལྷག་པར་དུ་ཚོགས་དྲུང་ལྟ་བུ་ཡིན་ན་ཞོགས་པ་སྔ་པོ་ནས་དགོང་དྲོ་ཕྱི་བོ་བར་དུ་གྲོས་ཚོགས་ཀྱི་ནང་དུ་བཅར་རྒྱུ་དང་། ཡིག་ཆ་བཟོ་རྒྱུ། ཡིག་ཆ་ཞུས་དག་གཏོང་རྒྱུ། ལས་བྱེད་བཀོད་འདོམས་བྱེད་རྒྱུ་སོགས་ཀྱི་མཚོན་པའི་ལས་དོན་གང་གི་ཕྱོགས་སུ་ཡིན་རུང་ཧུར་ཐག་འབད་བརྩོན་གནང་སོང་། གྲོས་ཚོགས་འདིའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དྲུང་ཆེའི་བཀོད་འདོམས་ཀྱི་འོག་ནས་ལས་བྱེད་ཚོས་ཧུར་བརྩོན་གནང་སོང་། སྤྱི་འཐུས་རྣམ་པ་ཚོ་དགོང་དྲོ་ཕྱི་པོ་ཡར་མར་ཕེབས་མཁན་ཡིན་ན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོ་ཕྱི་པོ་ཆུ་ཚོད་བཅུ་གཅིག་བཅུ་གཉིས་བར་དུ་ལས་ཀ་བྱས་ནས་བསྡད་ཡོད་པ་གཟིགས་ཡོད་རྒྱུ་རེད། ཚང་མས་ཧུར་ཐག་འབད་བརྩོན་གནང་བ་དེར་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་དབུས་པའི་འབྲེལ་ཡོད་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་།
ཕྱི་དྲིལ་ལས་ཁུངས་ཀྱིས་ནམ་རྒྱུན་བརྙན་འཕྲིན་ཐད་གཏོང་བཟོ་རྒྱུར་ལས་བྱེད་ཚོས་འགན་ཁུར་གནང་བཞིན་པ་རེད། ཕྱི་དྲིལ་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམ་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ད་རེས་འདིར་གྲོས་ཚོགས་ཚོགས་ས་དེ་ཡང་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་ནང་དུ་ཚོགས་པ་རེད། ཕལ་ཆེར་གྲོས་ཚོགས་ཐེངས་གསུམ་ཙམ་ཞིག་རིང་ཚོགས་ཁང་འདིའི་ནང་དུ་ཚོགས་དགོས་ཐུག་ས་རེད། དེ་དང་མཉམ་དུ་བཀའ་དྲུང་ཡིག་ཚང་གི་ལས་བྱེད་ཚོ་ཡིན་ནའང་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ལས་དོན་གྱི་ཐད་དུ་མཐུན་འགྱུར་རོགས་རམ་གནང་བ་དེ་དག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་།
འཛིན་སྐྱོང་བཀའ་ཤག་ལ་ང་ཚོས་སྙན་གསེང་ཞུས་པ་ལྟར། ང་ཚོ་གྲོས་ཚོགས་འདིར་ཚོགས་ན་བསམ་གྱི་འདུག་ཅེས་སྙན་གསེང་ཞུས་པའི་སྐབས་སུ་ཀར་ཀོར་གང་ཡང་མེད་པའི་ཐོག་ནས། མོས་མཐུན་གནང་བ་དེ་ལ་སྐབས་དེ་དུས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་བྱུང་ལ། དེ་རིང་སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཚོགས་དྲུང་ལས་ཁུངས་མུ་མཐུད་ནས་ལས་ཀ་བྱ་རྒྱུ་རེད། རྣམ་པ་ཚོ་སང་ཉིན་གནངས་ཉིན་དམིགས་བསལ་ཚོགས་ཆེན་འགོ་འཛུགས་ཀྱིས་ཉིན་མ་བཞིའི་རིང་ཚོགས་འདུ་ཚོགས་ཀྱི་རེད། དེའི་ཐོག་ལ་རྒྱབ་ལོགས་སུ་གཅིག་གིས་བྱེད་ཀྱིན་མི་འདུག གཉིས་ཀྱིས་འཇོན་གྱིན་མི་འདུག གསུམ་གྱིས་རན་གྱིན་མི་འདུག་ཅེས་གསུང་མཁན་མང་པོ་ཞིག་ཡོད་པ་རེད། ལྐོག་ཏུ་བཤད་པ་མ་ཡིན་པར་སོ་སོས་གང་བསམ་ལྷུག་པོར་བསམ་ཚུལ་སྤུངས་ནས་བཤད་དགོས་ཀྱི་འདུག ཚང་མར་ལག་ལེན་བསྟར་དགོས་ཀྱི་ཡོད་ཅེས་བཤད་ན་ཁག་པོ་རེད། དམིགས་བསལ་ཚོགས་ཆེན་ཉིན་བཞིའི་རིང་དུ་སྤྱི་འཐུས་རྣམ་པ་ཚོས་མཉམ་ཞུགས་གནང་བའི་སྐབས་སུ་བློ་རྩལ་བཏོན་ནས། ནུས་པ་ལྡན་པའི་ཚོགས་འདུ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། དེའི་རྗེས་སུ་རྒྱུན་ལས་རྣམ་པ་ཚོ་འདིར་བཞུགས་ཀྱི་རེད། དེ་མིན་གཞན་སྤྱི་འཐུས་རྣམ་པ་ཚོ་སོ་སོའི་རང་ཁྱིམ་དུ་ཕེབས་ཀྱི་རེད། དམིགས་བསལ་ཚོགས་ཆེན་གྱི་རྗེས་སུ་ལས་ཀ་མང་པོ་ཞིག་དང་། ལས་འགན་ཡང་ལྕི་མོ་ཞིག་ཡོང་གི་རེད། དེ་དག་ལ་ནུས་ཤུགས་གང་ཡོད་སྤུངས་སྙམ་པའི་བསམ་བློ་ཞིག་གཏོང་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་སྙམ། གྲོས་ཚོགས་ཀྱི་ནང་དུ་མཐུན་འགྱུར་གནང་བཞག་པ་དང་། གྲོས་ཚོགས་ཀྱི་ཕྱི་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཞིག་གི་ལས་འགན་དངོས་གནས་དྲང་གནས་དོན་དང་ལྡན་པ་ཞིག་འཁུར་བ་ཡིན་སྙམ་པ་ཞིག་དང་། ལོ་ལྔའི་རྗེས་སུ་སྤོབས་པའི་ཐོག་ནས་འགྲོ་ཐུབ་པ་ཞིག་དང་། མི་ཚེའི་མཐའ་མར་ཤི་ལ་ཉེ་རུང་ངའི་མི་ཚེ་དོན་ལྡན་ངང་འཁྱོལ་སོང་སྙམ་པའི་སྤོབས་པ་ཡོད་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞི་བཅོལ་བའི་ཐོག་ནས། བོད་ནང་དུ་ཡོད་མཁན་བོད་མི་ཚོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ཏུ་བཀའ་སྤྱི་གཉིས་ཀྱིས་གང་ཐུབ་པ་དང་། གང་འཇོན་པ། གང་བྱེད་འོས་པ་འདི་དག་གི་སྒང་ལ་ནུས་པ་མཉམ་སྤུངས་བྱེད་རྒྱུ་ཡིན། རང་ལུས་མེར་བསྲེགས་བཏང་མཁན་ཚོས་རེ་འདུན་བཏོན་པ་བཞིན་ཆིག་སྒྲིལ་བྱེད་རྒྱུ་དང་། ནུས་པ་མཉམ་རུབ་སྤུངས་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་བསྒྲུབ་ཐུབ་པ་བྱེད་རྒྱུ་ཡིན་སྙམ་པའི་དམ་བཅའ་བརྟན་པོ་ཞིག་དང་། ཐག་གཅོད་གཙང་མ་ཞིག་གི་ཐོག་ཏུ་འགྲོ་ཐུབ་པ་ཡིན་ན། མ་འོངས་པར་ཡང་ཁེ་ཕན་ཆེན་པོ་ཞིག་ཡོང་གི་རེད། ཚོགས་འདུའི་མཇུག་བསྡོམས་ཀྱི་གཏམ་བཤད་མཚམས་འཇོག་རྒྱུ་ཡིན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་གྲོལ་བའི་གསལ་བསྒྲགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

Menu