ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མ་ལ། དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་སྐུ་ཁམས་བདེ་ཐང་ཐོག་ནས་འབྱོར་ཐུབ་པ་དེ་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ན་ནིང་ཕྱི་ཟླ་ ༩ པའི་གྲོས་ཚོགས་ཚོགས་དུས་ ༤ པ་ནས་ད་ལྟ་བར་དུ་གནད་དོན་ཇི་བྱུང་དང་། ད་རེས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས། ཚོགས་གཙོའི་དབུ་འབྱེད་གཏམ་བཤད་མདོར་བསྡུས་ཙམ་ཞུས་ན་བསམ་བྱུང་།
བོད་ནང་ལ་གནད་དོན་ཛ་དྲག་ནས་དྲག་ཏུ་འགྲོ་བཞིན་པ་རེད། ཁ་སང་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༣ ཉིན་རྔ་པ་ཁུལ་མཛོད་དགེ་རྫོང་ནས་ཡིན་པ། རང་ལོ་ ༣༠ ཟིན་པ། དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག ཁོང་འདས་གྲོངས་སུ་ཕྱིན་པར་བརྟེན་ད་བར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ ༡༠༩ དང་། དེའི་ནང་འདས་གྲོངས་སུ་ཕྱིན་པ་ ༩༡ ཆགས་བསྡད་ཡོད་རེད། ཁོང་རྣམ་པ་ཚོ་དང་། ཁོང་རྣམ་པའི་ནང་མི་སྤུན་མཆེད་ཚང་མའི་ཆེད་དུ་ང་ཚོས་གདུང་སེམས་མཉམ་སྐྱེད་དང། བསྔོ་སྨོན། མྱ་ངན་གུས་འདུད་ཞུ་བའི་ལས་རིམ་ཁག་ཅིག་བང་བསྒྲིགས་ཡོད། དེ་བཞིན་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་བཏང་བའི་ཐོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གཅིག་འཁྱེར་ཡོད།
འདས་པའི་ལོ་གཅིག་ཙམ་ལྷག་གི་རིང་ལ་ང་ཚོ་བཙན་བྱོལ་དུ་བོད་མིའི་སྒྲིག་འཛུགས་སུ་མི་ཚེ་ཧྲིལ་པོར་སྐུ་ངལ་བསྐྱོན་ནས་སྐུ་ཚེ་མ་ཟིན་པ་མང་པོ་ཞིག་བྱུང་ཡོད་རེད། དེའི་སྐབས་ཀྱི་བཀའ་བློན་བགྲེས་པ་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གཙོས། ཨ་ལགས་འཇིགས་མེད་རིན་པོ་ཆེ། ཉེ་ཆར་སྐུ་ངོ་རྟ་ར་ལགས་དང་། སྐུ་ངོ་བྱམས་པ་སྐལ་ལྡན་ལགས། ད་རེས་གྲོས་ཚོགས་དང་འབྲེལ་བ་ཡོད་པ་རྗེས་དྲན་གྱི་གྲོས་འཆར་འཁུར་ཡོང་དགོས་པ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས། ཁོང་རྣམ་པ་ཚང་མས་མི་ཚེ་ཧྲིལ་པོ་བོད་ཀྱི་རྩ་དོན་ཆེད་དུ་བཏང་བ་རེད། ང་ཚོའི་འཐབ་རྩོད་ནང་མི་རབས་ཤིག་གིས་དངོས་གནས་སྐུ་ངལ་བསྐྱོན་ནས། ང་ཚོའི་འཐབ་རྩོད་ཀྱི་སྣེ་འཁྲིད་པ་རེད། དེ་དང་འབྲེལ་བའི་ལས་རིམ་ཞིག་ཀྱང་བང་བསྒྲིགས་ཡོད།
བོད་ནང་གི་ཛ་དྲག་གནས་སྟངས་དེ་ད་ལྟ་ཡིན་ནའང་མུ་མཐུད་ནས་གནས་བསྡད་ཡོད་རེད། སྔ་ལོའི་ཕྱི་ཟླ་ ༩ པའི་གྲོས་ཚོགས་གྲོལ་བ་ནས། ད་ལྟ་བར་དུ་བརྩིས་པ་ཡིན་ན། རང་ལུས་མེར་བསྲེགས་གཏོང་མཁན་ ༥༨ བྱུང་འདུག དེའི་ནང་ནས་འདས་གྲོངས་སུ་ཕྱིན་པ་ ༤༩ དང་། སྔར་ལོའི་ཕྱི་ཟླ་ ༡༡ གཅིག་པུའི་ནང་དུ། རང་ལུས་མེར་སྲེག་གཏོང་མཁན་ ༢༨ བྱུང་བ་རེད། རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ། དེ་སྔ་བཀའ་ཤག་དང་། སྤྱི་འཐུས་གཉིས་ཀྱི་བསྒྲགས་གཏམ་དུ། རྒྱ་ནག་གིས་བོད་དུ་འཛིན་བཞིན་པའི་སྲིད་བྱུས་ནོར་འཁྲུལ་ཅན་དེའི་རྐྱེན་པས་ཡོང་གི་ཡོད་པ། ང་ཚོ་བོད་པའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་གསལ་བསྒྲགས་གང་ཐུབ་ཐུབ་བྱས་པ་རེད། ལྷག་པར་དུ་ཕྱི་ཟླ་ ༡༡ ཙམ་ནས་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་གྱི་གཉེན་ཉེ་འབྲེལ་དང་། ངོ་ཤེས་པ། མཆོད་འབུལ་བྱེད་མཁན་དང་། ཞལ་འདེབས་འབུལ་མཁན་ཚང་མར། རང་ལུས་མེར་སྲེག་ལ་མཐུན་རྐྱེན་སྦྱར་བའི་ཉེས་གཡོགས་དང་། ཁྲིམས་ཆད་བཏང་བའི་གནས་ཚུལ་དེ་འདྲའང་བྱུང་ཡོད་པ་རེད།
གར་སོང་ཆ་མེད་དུ་གྱུར་བ་དང་། བཙོན་ཁང་ནང་དུའང་བོད་མི་མང་པོ་ཞིག་གིས་སྡུག་སྦྱོང་ཚད་མེད་མྱོང་གི་ཡོད་རེད། རང་ལུས་མེར་སྲེག་བཏང་ནས་མ་གྲོངས་བར་བཞུགས་བསྡད་ཡོད་པ་དེ་ཚོའི་གནས་སྟངས་ཀྱང་ཤེས་མ་ཤེས་པ་མང་པོ་ཞིག་ཆགས་བསྡད་ཡོད་རེད། ཐེངས་མང་པོར་འཛིན་སྐྱོང་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་སྤྲད་ནའང་། ད་ལྟའི་བར་དུ་ཚུལ་དང་ལྡན་པའི་ལན་ཞིག་སྤྲོད་རྒྱུ་ཕར་བཞག ད་དུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བཙན་བྱོལ་ན་ཡོད་པའི་བོད་མི་ཚོར་ཁ་བྲལ་བ་ཞེས་མིང་བཏགས་ནས། རྒྱུད་བསྐུལ་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་པ་རེད།
སོ་སོས་ནོར་འཁྲུལ་བྱས་བཞག་པ་དེ་ཡོ་བསྲང་བྱ་རྒྱུ་ཕར་བཞག བོད་ནང་གི་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཞིག་ལ་ཐུག་གི་ཡོད་མེད། དེ་དག་གི་སྟེང་ལ་བློ་གཟུ་བོར་གནས་པའི་ཐོག་ནས་རྟོག་ཞིབ་བྱེད་པ་དང། འཛིན་བཞིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ཚོར་ནོར་བཅོས་བྱེད་པ་དང་། བོད་ནང་ལོགས་ཀྱི་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་རྒྱལ་སྤྱིའི་ཁྱོན་ལ་ཤེས་རྟོགས་ཐུབ་པའི་གནས་སྟངས་བཟོ་རྒྱུ་སོགས་ཕར་བཞག་ནས། ད་དུང་དམག་མི་མང་དུ་གཏོང་རྒྱུ་དང་། སྐོར་སྲུང་བ་མང་དུ་གཏོང་བ། དམ་དྲག་ཆེ་རུ་གཏོང་བ། གདུག་རྩུབ་ཆེ་རུ་གཏོང་བ། དེ་འདྲའི་སྲིད་བྱུས་ཁོ་ན་བཟུང་ནས་བོད་ནང་གི་གནས་སྟངས་ཛ་དྲག་ནས་དྲག་ཏུ་འགྲོ་བཞིན་ཡོད་པ་རེད། དེའི་སྐོར་འདི་ནས་ཞུ་མི་དགོས་པ་རེད།
དེ་རིང་གྲོས་ཚོགས་འདིའི་ནང་དུ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམ་ཕེབས་ཀྱིན་ཡོད་པས་དེ་རིང་གི་ཉིན་གཅིག་རིང་དེའི་སྒང་ལ་ང་ཚོས་གྲོས་བསྡུར་བྱེད་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ནས། དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་འཛིན་སྐྱོང་བཀའ་ཤག་གིས་འཛམ་གླིང་ཁྱོན་ཡོངས་ལ་གང་ཐུབ་ཐུབ་ཕེབས་ནས་བོད་དོན་སྐོར་འགྲེལ་བཤད་བརྒྱབ་པས་མཚོན། མི་མང་སྣེ་འཁྲིད་ནས་ལས་འགུལ་མང་པོ་ཞིག་སྤེལ་ཡོད་པ་རེེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡིན་ནའང་འདས་པའི་ལོ་གཅིག་གི་ནང་དུ་ལས་འགུལ་གཞི་རྒྱ་ཆེ་བ་ཁག་ཅིག་སྤེལ་ཡོད་པ་དེ་ཚོ་བསྐྱར་དུ་ཞུ་མ་དགོས་པའི་ཐོག་ནས། དེ་ཚོ་སྤེལ་བའི་སྐབས་ལ་མི་མང་གི་ངོས་ནས་ཡིན་ནའང་མཉམ་ཞུགས་ཚད་དང་ལྡན་པ་གནང་སོང་། བཀའ་སྤྱི་གཉིས་ཀྱིས་ལྡི་ལིར་ལས་འགུལ་སྤེལ་བའི་སྐབས་སུ། མི་མང་མང་ཆེ་བས་དེ་ཚོར་འདོད་པ་ཁེངས་པའི་རྣམ་འགྱུར་ཐོན་ཡོད། ཕྱིའི་ལྟ་མཁན་གྱི་མིས་ཡིན་ནའང་། ལས་འགུལ་སྤེལ་སྟངས་དང་མི་མང་གིས་རྣམ་འགྱུར་སྟོན་སྟངས། འཛིན་སྐྱོང་བཀའ་ཤག་ནས་ལམ་སྟོན་བྱས་པ་ནང་བཞིན། ཞི་བ་དང་། འཚེ་བ་མེད་པ། ཡུལ་ཁྲིམས་དང་མཐུན་པ། ཚུལ་ལུགས་དང་མཐུན་པའི་ཐོག་ནས་ཡག་ཐག་ཆོད་བྱུང་སོང། ཕྱི་མི་ཚོས་ཀྱང་གུས་བརྩི་བྱེད་ཀྱིན་འདུག
ཉེ་ཆར་སྦེལ་ཇམ་ལ་ཆ་བཞག་ན། ཐེངས་དང་པོར་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་རྫོགས་མཉམ་ཞུགས་བྱས་ཏེ། བོད་མིའི་ཚོགས་པ་རང་གིས་སྣེ་འཁྲིད་ཐོག གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་མི་མང་ལྔ་སྟོང་ལྷག་འཛོམས་ནས་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་བ་དང་། དེ་བཞིན་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་པ་ཚོས་ལས་འགུལ་རྒྱ་ཆེན་པོ་སྤེལ་ཐུབ་པ་བྱུང་ཡོད་པ་རེད། ང་ཚོས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་། སྤྱིར་བཏང་གི་མིའི་ནུས་པ་དང་། དཔལ་འབྱོར་གྱི་ནུས་པ་གང་ཅིའི་ཐད་ནས་ཞན་པོ་ཡིན་ནའང་། གཅིག་སྒྲིལ་གྱི་ནུས་པ་བཏོན་ཡོང་དུས་དེའི་ཤུགས་རྐྱེན་ཞིག་འཛམ་གླིང་ཁྱོན་ཡོངས་ལ་ཐེབས་ཀྱི་ཡོད་པ་དེ་ང་ཚོས་ངོས་འཛིན་བྱེད་ཐུབ་ཀྱི་རེད། རྒྱ་ནག་གི་ངོས་ནས་ཡ་ལན་ཚུལ་མཐུན་བྱེད་མི་བྱེད་པའི་གནས་སྟངས་དེ། ང་ཚོའི་ངོས་ནས་བློ་ཕམ་ཆེན་པོ་ཞིག་ལ་གཟིགས་དགོས་པ་རེད། བོད་མི་ཚོས་དེ་འདྲའི་ལས་འགུལ་སྤེལ་བའི་སྐབས་སུ། མི་མང་གི་ངོས་ནས་མཉམ་ཞུགས་གནང་སྟངས་དེ་ལ་བལྟས་ཡོང་དུས་བཀའ་སྤྱི་གཉིས་ཀྱི་སྣེ་འཁྲིད་པ་ལ་སྤོབས་པ་གསར་པ་ཞིག་སྐྱེ་བའི་རྒྱུ་ཆགས་ཡོང་གི་འདུག རྒྱ་ནག་གིས་དམ་དྲག་ཆེན་པོ་ཞིག་བྱེད་སྡོད་ཀྱི་ཡོད་པ་རེད་དེ། ཁ་སང་དེ་རིང་ཡང་རང་ལུས་མེར་བསྲེགས་པའི་ལས་འགུལ་དེ་འགྲོ་སྡོད་ཀྱི་ཡོད་རེད། དེས་ན་རྒྱ་ནག་གིས་བཟང་ཕྱོགས་ཀྱི་ཐོག་ནས། ཡ་ལན་ཚུལ་དང་མཐུན་པ་ཞིག་མ་བྱུང་བར་དུ། བོད་དུ་རང་ལུས་མེར་བསྲེགས་ཀྱི་གནས་སྟངས་དེ་མྱུར་དུ་མཚམས་ཆད་ཀྱི་རེད་སྙམ་པ་ཞིག་དྲན་གྱི་མི་འདུག དེས་ན་ཛ་དྲག་གི་གནས་སྟངས་དེ་མུ་མཐུད་ནས་གནས་ཡོད་པས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེར་རྒྱ་ནག་གཞུང་གིས་འགན་འཁུར་བའི་ཐོག་ནས་ཞི་འཇགས་མ་ཡོང་བར་དང་། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ང་ཚོས་ལས་འགུལ་སྣ་མང་ཞིག་སྤེལ་དགོས་ཀྱི་ཡོད་རེད། དེས་ན་ད་ལམ་གྲོས་ཚོགས་ཀྱི་སྡིངས་ཆ་འདི་བརྒྱུད་ནས། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས། བོད་ནང་གི་བོད་མི་ཚོས་རེ་བ་བཅོལ་བ་ནང་བཞིན། ང་རང་ཚོར་བསྐུར་བའི་ལས་འགན། བོད་ནང་དུ་བྱུང་བའི་གནས་ཚུལ་ཚང་མ་རྒྱལ་སྤྱིའི་ཁྱོན་ལ་ཁྱབ་ཐུབ་པ་བྱེད་པ་དང་། རྒྱབ་སྐྱོར་ཐོབ་ཐུབ་པ་བྱེད་པའི་ལས་འགན་ཚང་མའི་རེ་བ་བཞིན་འགྲུབ་ཡོད་ཀྱི་མ་རེད་དེ། ང་རང་ཚོའི་གནས་སྟངས་ལ་དཔག་པས་གང་ཡག་ཡག་ཅིག་བསྒྲུབས་སོང་སྙམ་པ་དྲན་གྱི་ཡོད། འཛིན་སྐྱོང་བཀའ་ཤག་གིས་འགན་འཁྱེར་ནས་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ་སོགས་འབྲེལ་ཡོད་ཚང་མས་ལས་དོན་ཚགས་ཚུད་པོ་ཡོང་བར་ཐུགས་འགན་བཞེས་སོང་། དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
ད་ལྟའི་དུས་ཚོད་འདིར། རྒྱ་ནག་གི་འགོ་འཁྲིད་འགྱུར་བ་འགྲོ་བའི་གནས་སྟངས་དང་བསྟུན་ནས། ད་ལྟའི་ཆར་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་འཛིན་གྱི་འགན་འཁུར་བའི་མཚམས་ལ་སླེབས་སྡོད་ཀྱི་ཡོད་རེད། ད་ལྟའི་བར་དུ་ཞི་ཅིན་ཕིན་རང་གིས་འགན་ཁྱེར་བའི་ཐོག་ནས་རྒྱ་ནག་གི་ཚོགས་ཆེན་འཚོགས་སྟངས་ལ་བལྟས་པ་ཡིན་ནའང་འདྲ། ཁོང་གིས་བཀའ་མོལ་གནང་སྟངས་ལ་བལྟས་པ་ཡིན་ནའང་འདྲ། སྔར་དང་མི་འདྲ་བའི་འགྱུར་བ་ཞིག་མཐོང་གི་འདུག ཚོགས་འདུ་འཚོགས་སྟངས་དང་། བསྲི་ཚགས་བྱེད་སྟངས་ནས་འགྱུར་བ་ཞིག་བཏང་བ་རེད། སྐད་ཆ་བཤད་སྟངས་ལ་བལྟས་པ་ཡིན་ནའང་། ཕྲན་བུ་གུ་ཡངས་པ་མེད་དམ་སྙམ་པའི་བསམ་བློ་ཞིག་སླེབས་ཀྱི་ཡོད་རེད། དེ་བཞིན་རྒྱ་ནག་ནང་ལོགས་ལ་ཡིན་ནའང་རེད། རྒྱ་ནག་གི་ཕྱི་ལ་ཡིན་ནའང་རེད། རྒྱ་ནག་ཏུ་ཆབ་སྲིད་ཀྱི་འགྱུར་བ་མང་པོ་ཞིག་གཏོང་དགོས་པའི་ཤུགས་རྐྱེན་སྣོན་མ་མང་པོ་ཞིག་སླེབས་བསྡད་ཀྱི་ཡོད་རེད། རྒྱ་ནག་ནང་གི་གནས་སྟངས་ཀྱི་དབང་གིས་རྒྱ་ནག་ནང་ལོགས་སུ་འགྱུར་བ་མི་འགྲོ་ཐབས་མེད་ཀྱི་དུས་ལ་བབ་བསྡད་ཡོད་རེད། རྒྱ་ནག་ཏུ་འགྱུར་བ་འགྲོ་བ་ལ་ཟང་ཟིང་ཞིག་གི་ངང་ནས་འགྱུར་བ་གཏོང་གི་རེད་དམ། ཞི་བའི་ཐོག་ནས་འགྱུར་བ་འགྲོ་མིན་རྒྱ་ནག་གི་འགོ་འཁྲིད་ཚོའི་ལག་པར་ཡོད་རེད། དུས་ཚོད་ག་ཚོད་ཅིག་འགོར་མིན་སུ་གཅིག་གིས་ཞུ་ཤེས་ཀྱི་མ་རེད། ཡིན་ནའང་རྒྱ་ནག་མང་གཙོར་རིམ་པས་འགྱུར་དགོས་རྒྱུ་དང་། རྒྱ་ནག་གི་ས་ཁྱོན་དང་། མི་འབོར་ལ་གཞིགས་པ་ཡིན་ན། རྒྱལ་ཕྲན་མཉམ་འབྲེལ་ federalism གྱི་སྲིད་གཞུང་ཞིག་ལ་འགྱུར་བ་ཐུབ་པ་ཡིན་ན། ཚང་མར་ཕན་ཐོགས་ཆེན་པོ་ཡོད་རེད་ཅེས་རེ་བ་ཤུགས་ཆེན་པོ་ཞུ་ཡི་ཡོད་རེད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་རྒྱ་ནག་འགོ་འཁྲིད་གསར་པ་བསླེབས་པ་དང་། དེ་རིང་གི་གྲོས་ཚོགས་ཀྱི་སྡིངས་ཆ་བརྒྱུད་ནས་རྒྱ་ནག་གི་འགོ་འཁྲིད་ཚོར། གནད་དོན་གང་ཡིན་ནའང་། སྦ་རྒྱུ་དང་། སྐྱག་རྫུན་བཤད་པ་དེ་འདྲ་གཅིག་པུ་མ་ཡིན་པར། དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་ཚར་བ་རེད། བོད་ནང་ལ་སྔོན་མ་ཏིན་ཞའོ་ཕིན་གྱིས་བཤད་པ་ནང་བཞིན། དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ཏེ། བོད་པའི་དཀའ་ངལ་སེལ་བའི་ལམ་ལ་འཇུག་དགོས་པ་གལ་ཆེན་པོ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐེངས་མང་པོར་གསུངས་གྲུབ་པ་རེད། འབྲེལ་མོལ་ས་ཆ་ག་པར། དུས་ཚོད་ག་དུས་གནང་བ་ཡིན་ནའང་གྲ་སྒྲིག་ཡོད་ཅེས་གསུངས་གྲུབ་པ་རེད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་ལྷག་བསམ་རྣམ་དག་གི་ཐོག་ནས་བཤད་ཀྱི་ཡོད་པ་སོང་། རྒྱ་ནག་འགོ་འཁྲིད་ཚོས་དེ་ལ་ཚད་དང་ལྡན་པའི་ཡ་ལན་ཞིག་གནང་ཐུབ་པ་ཡིན་ན། ང་རང་ཚོའི་ལངས་ཕྱོགས་དེ་ཡང་དངོས་ཡོད་གནས་ཚུལ་ལ་གཞི་བཞག་པའི་ཐོག་ནས། དབུ་མའི་ལམ་གྱི་ལངས་ཕྱོགས་ཤིག་གི་སྟེང་དུ་འགྲོ་སྡོད་ཀྱི་ཡོད་རེད། དེ་སྒྲུབ་མི་ཐུབ་པའི་དཀའ་ངལ་ཞིག་རྩ་བ་ནས་ཆགས་ཡོད་པ་མ་རེད། དེས་ན་དེ་དག་རྒྱ་ནག་གི་དབང་འཛིན་པ་ཚོས་ངོས་ཟིན་པའི་སྒང་ནས། དཀའ་ངལ་སེལ་དགོས་པ་ཞིག་དང་། སེལ་ཐུབ་པ་ཞིག་ཡིན་པས་དེ་ལ་འབད་བརྩོན་ཞིག་གནང་བ་ཡིན་ན། དུས་བཟང་པོ་ཞིག་ལ་སླེེབས་བསྡད་ཡོད་པ་རེད་སྙམ་པ་ཞིག་དྲན་གྱི་ཡོད།
དེ་ནས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གོང་དུ་ཞུས་པ་ནང་བཞིན། གཙོ་བོ་འཛིན་སྐྱོང་བཀའ་ཤག་གིས་ཐུགས་འགན་བཞེས་ཀྱི་ཡོད་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་གིས་རྒྱལ་སྤྱིའི་ཁྱོན་ལ་བོད་ཀྱི་གནད་དོན་གླེང་སློང་གནང་ནས། དུས་ཡུན་རིང་པོ་ཞིག་གི་རྗེས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནང་དུ་རྒྱལ་ཁབ་ཁག་དྲུག་གིས་བོད་དོན་གླེང་ཐུབ་པ་བྱུང་ཡོད་རེད། རྒྱལ་ཁབ་སོ་སོའི་ངོས་ནས་ཡིན་ནའང་། བསྒྲགས་གཏམ་སྤེལ་བ་དང་། གྲོས་ཚོགས་ནང་དུ་གྲོས་ཆོད་བཞག་པ་དང་། གྲོས་ཚོགས་སུ་བགྲོ་གླེང་བྱས་པ། དེ་ཚོའི་རིགས་ཤུགས་ཆེ་རུ་སོང་ཡོད་པ་རེད། དེ་ཡིན་པ་སོང་། ད་རེས་གྲོས་ཚོགས་འདི་བརྒྱུད་ནས། བོད་དོན་ལ་རྒྱབ་སྐྱོར་གནང་མཁན། བདེན་པ་དང་འཚེ་བ་མེད་པ། དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
ད་ལམ་སྔོན་རྩིས་ཀྱི་གྲོས་ཚོགས་རེད། དུས་ཚོད་མང་པོ་ཞིག་ང་ཚོའི་སྔོན་རྩིས་ཀྱི་ཐོག་ཏུ་གཏོང་དགོས་པ་ཆགས་ཀྱི་རེད། དཔལ་འབྱོར་བཀའ་བློན་གྱི་གསུང་བཤད་གྲུབ་པའི་རྗེས་ལ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མས་ཐུགས་ཞིབ་ཡག་པོ་ཞིག་གནང་ནས། དེའི་སྟེང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས། ད་རེས་ཞིབ་ཚགས་པོ་བྱས་ནས་ལས་དོན་བསྒྲུབས་ཡོད་རེད། ཕལ་ཆེར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་རིམ་པའི་ནང་ནས། ད་རེས་སྙན་ཐོ་དེ་རིང་ཤོས་ཤིག་དང་། རྒྱས་ཤོས་ཤིག་ཆགས་ཀྱི་ཡོད་རེད། དེ་ཚོའི་སྟེང་དུ་ཐུགས་ཞིབ་ཟབ་མོ་ཞིག་གནང་ནས་གྲོས་ཚོགས་ཀྱི་ནང་དུ་བགྲོ་གླེང་གནང་བའི་སྐབས་སུ། བགྲོ་གླེང་ཚད་དང་ལྡན་པ་ཡོང་བའི་རེ་བ་ཞུ་བཞིན་ཡོད།
དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་ལ་གསལ་བཤད་ཅིག་ཕེབས་ཀྱི་རེད། སྤྱི་འཐུས་སྒེར་སོ་སོས་དྲི་བ་བཏང་བ་དེ་ཚོ་ཡང་གྲོས་ཚོགས་ཀྱི་ནང་དུ་སླེབས་ཡོང་གི་རེད། ཐུགས་སྣང་གཞེན་བསྐུལ་ཁ་ཤས་སླེབས་ཀྱི་རེད། ཁྲིམས་འཆར་གྱི་ལས་དོན་མང་པོ་ཞིག་ཡོད་པ་མ་རེད་དེ། ང་ཚོ་ཁྲིམས་བཟོ་ལྷན་ཚོགས་ཡིན་པའི་ཆ་ནས། ལས་དོན་གལ་ཆེན་ཞིག་དེ་རང་ཆགས་སྡོད་ཀྱི་ཡོད་རེད།
ཚོགས་གཙོ་སྦྲེལ་པོ་གཉིས་ཀྱི་ངོས་ནས་དུས་རྒྱུན་དུ་རྣམ་པ་ཚོར་ཞུ་སྡོད་ཀྱི་ཡོད། གྲོས་ཚོགས་ཀྱི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་མཐུན་པ། གྲོས་ཚོགས་ནང་དུ་ཡ་རབས་བཟང་སྤྱོད་ཀྱི་རྣམ་འགྱུར་བསྟན་དགོས་པ་གལ་ཆེན་པོ་རེད། ད་བར་དུ་ཚོགས་གཙོ་སྦྲེལ་པོ་གཉིས་ལ་གྲོས་ཚོགས་སུ། བཀའ་ཤག་དང་། སྤྱི་འཐུས་རྣམ་པ་ཚང་མས་མཐུན་འགྱུར་ལེགས་པོ་གནང་སོང་། ད་དུང་ཡིན་ནའང་གྲོས་ཚོགས་ལས་རིམ་ལེགས་པོ་འགྲུབ་པའི་ཆེད་དུ་མུ་མཐུད་མཐུན་འགྱུར་གནང་རོགས་གནང་ཞེས་ཞུ་རྒྱུ་དང་། ད་ལམ་གྱི་གྲོས་ཚོགས་འདི་བརྒྱུད་ནས། བོད་ནང་གི་བོད་མི་ཚོས་སྡུག་སྦྱོང་མང་པོ་ཞིག་མྱོང་སྡོད་ཀྱི་ཡོད་པ་ང་ཚོ་བཙན་བྱོལ་བོད་མི་ཚོས་ཤེས་ཀྱི་ཡོད། ང་ཚོ་བཙན་བྱོལ་ནང་གི་གནས་སྟངས་མང་པོ་ཞིག་གཞན་དབང་སྟབས་བསྟུན་ཞིག་ཆགས་ཡོད་པ་རེད་དེ། ཡིན་ནའང་ང་རང་ཚོར་བསྐུར་བའི་ལས་འགན། ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་ཆ་ཚང་འཛམ་བུའི་གླིང་ལ་ཕྱིར་བསྒྲགས་བྱ་རྒྱུ་དེ་སྔ་ཡིན་ནའང་ག་ཚོད་ཐུབ་ཐུབ་ཅིག་ཞུས་ཡོད་རེད། མ་འོངས་པ་ཡིན་ནའང་དེའི་ཐོག་ལ་ཞུ་རྒྱུ་ཡིན་ཞེས་དམ་བཅའ་བརྟན་པོ་ཞིག་གྲོས་ཚོགས་འདིར་བཞག་པའི་ཐོག་ནས། ཉིན་བཅུའི་རིང་གི་གྲོས་ཚོགས་དེ་ཚགས་ཚུད་པོ་ཡོང་བ་དང་། མཐར་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་པ་མཐའ་དག་འགྲུབ་པར་ང་ཚོ་ཚང་མས་འབད་བརྩོན་གནང་དགོས་པ་དང་། བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།