དཔལ་ལྡན་ཚོགས་གཙོ་མཆོག་མོན་གྷོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གཙོས་མཛད་སྒོ་ཁག་ལ་མཉམ་ཞུགས་གནང་བ།

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ ཉིན་སྔ་དྲོ་གངས་སྐྱིད་ནས་ཕེབས་ཐོན་གྱིས་གྷལ་གྷལ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་། ལྡི་ལི་ནས་གྷོ་ཝར། ཕྱི་ཚེས་ ༥ ཉིན་གུང་གྷོ་ཝ་ནས་ཕེབས་ཐོན་གནང་སྟེ་ཕྱི་དྲོ་ཆུ་ཚོད་ ༥།༠༠ པར་ལ་མོན་གྷོ་གཞིས་ཆགས་སུ་ཕེབས་འབྱོར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་འབྲས་སྤུངས་བླ་སྤྱིའི་ལྷ་མོ་ཁང་དུ་༸སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྒོར་བཅར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། གླིང་མཆོག་སྤྲུལ་རིན་པོ་ཆེ་སོགས་བླ་སྤྲུལ་དང་མཁན་པོ་རྣམ་པ། དཔལ་ལྡན་སྲིད་སྐྱོང་མཆོག ཡབ་གཞིས་སྐུ་འཁོར་རྣམ་པ། ལྷོ་སྤྱི་དང་། ས་གནས་འགོ་འཛིན་བཅས་ཕེབས་ཏེ་དཔལ་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་ཡོངས་དང་། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སེར་སྐྱ་སྤྱི་མགྲིན་བཅས་ཐུན་མོང་ནས་འབྲས་སྤུངས་བླ་སྤྱིིའི་འདུ་ཁང་ཆེན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། ཆུ་ཚོད་ ༡༠།༠༠ ཐོག་སློབ་གྲྭ་དབུས་མའི་སློབ་ཕྲུག་རྣམས་ནས་བོད་དང་། རྒྱ་གར་གཉིས་ཀྱི་རྒྱལ་གླུ་ཕུལ་ཏེ་མཛད་རིམ་ཁག་རིམ་བཞིན་བསྐྱངས། མཇུག་ཏུ་ཆུ་ཚོད་ ༡༡།༠༥ ཐོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་རྗེས་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་དང་མི་མང་ནས་གཞས་སྣ་རེ་རེ་གཟིགས་འབུལ་ཞུས། ས་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ཡོལ་ཙམ་ལ་འབྲས་སྤུངས་བློ་གསལ་གླིང་ཆོས་ར་དབུ་འབྱེད་གནང་བའི་མཛད་སྒོར་ཕེབས། མཛད་སྒོ་གྲུབ་རྗེས་༸གོང་ས་མཆོག་ས་གནས་རྒས་འཁོགས་རྣམས་ལ་དམིགས་བསལ་མཇལ་ཁ་གནང་བར་ལྷན་དུ་ཕེབས་གནང་ཡོད། ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་བྱང་རྩེ་གྲྭ་ཚང་གི་ནམ་རྒྱུན་འཁྲུངས་སྐར་མཛད་སྒོ་གནང་སྲོལ་དང་དགོང་ཚིགས་ཆབས་གཅིག་ཏུ་མགྲོན་ཤོག་གནང་བ་བཞིན་ཕེབས་ནས་མཁན་རིན་པོ་ཆེ་ནས་གཏམ་བཤད་གཅིག་དགོས་གསུངས་པ་ལྟར་གཏམ་བཤད་ཐུང་ཙམ་ཞིག་བསྩལ་གནང་ཞུས། ཕྱི་ཚེས་ ༧ སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་གྷོ་ཝ་ཕྱོགས་སུ་རྡོག་ཐོན་གྱིས་མཁའ་ལམ་བརྒྱུད་ལྡི་ལི་དང་། ལྡི་ལི་ནས་ཨམ་རིཏ་སྰར་དང་། ཨམ་རིཏ་སཱར་ནས་སྣུམ་འཁོར་བརྒྱུད་མཚན་མོ་ཆུ་ཚོད་ ༡༡།༠༠ ལ་རྡ་སར་ཕེབས་འབྱོར་གནང་བའི་གནས་ཚུལ་དུ།།