དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།

 

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བལ་ཇི་ཡམ་རྒྱལ་ཁབ་ཀྱི་རྒྱལ་ས་བར་སིལ་དུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་་ཆེན་ཐེངས་ ༩ པ་འདི་ཉིད་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༢ ནས་ ༢༥ བར་ཉིན་བཞི་རིང་བལ་ཇི་ཡམ་རྒྱལ་ཁབ་ཀྱི་རྒྱལ་ས་བར་སིལ་དུ་ཚོགས་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བལ་ཇི་ཡམ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གོ་སྒྲིག་ཞུས་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་མཆོག་གིས་མཇུག་སྡོམ་མཛད་སྒོའི་ཐོག་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ ཨུ་ས་ཊ་ཆི་ བྷི་རི་ནའོ་ (Jacqueline Eustache-Brinio) མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་གཙོས་མཛད་སྒོའི་ཐོག་ཕེབས་པའི་མཛད་གཙོ་རྣམ་པ་ལྷན་རྒྱས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། རང་ཉིད་སྒེར་ངོས་ནས་འཚམས་འདྲི་དང་སྦྲགས། ཁྱེད་རྣམ་པས་གཡོ་བ་མེད་པའི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་དང་ལས་འགུལ་རྒྱུན་མི་ཆད་པར་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡིན།

དེ་རིང་གི་ཚོགས་འདུའི་དགོས་དམིགས་གཙོ་བོ་ནི། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་འཛོམས་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་ལ་སྨན་པའི་ཐབས་བྱུས་ཀྱི་འཆར་གཞི་མཁོ་སྤྲོད་བྱ་རྒྱུ་དང་། བློ་གསར་རྙེད་སའི་སྡིངས་ཆ་ཞིག་སྐྲུན་ནས་དེ་རྒྱལ་སྤྱིའི་སྡེངས་ཆའི་སྟེང་འཐབ་རྩོད་བྱ་ཐུབ་རྒྱུ་དེ་ཡིན། ཁྱེད་རྣམ་པས་སོ་སོའི་རྒྱལ་ཁབ་ཏུ་ལག་བསྟར་བྱེད་དགོས་པའི་ཁ་ཡོད་ལག་ཡོད་ཀྱི་འཆར་གཞི་དང་ལམ་སྟོན་ཡོད་པའི་ཚོགས་འདུ་དོན་འབྲས་ལྡན་པ་ཞིག་བྱུང་ཡོད་པ་ངས་ཡིད་ཆེས་བརྟན་པོ་ཡོད།

ང་ཚོས་མཁྱེན་དགོས་པ་ཞིག་ལ་བོད་ཀྱི་བདེན་པའི་འཐབ་རྩོད་འདི་ཆབ་སྲིད་ཀྱི་འཐབ་རྩོད་གཅིག་པུ་ཙམ་ཞིག་མིན་པར། རྒྱ་ཆེ་ས་ནས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རུ་བཟུང་བའི་རིག་གཞུང་ཞིག་གཅེས་འཛིན་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་ཞུ་དགོས་ཤིང་། དེ་ནི་དེང་སང་གི་རྔམས་སེམས་དང་འཇིགས་སྣང་གིས་འཁྲིད་པའི་འགྲོ་བ་མིའི་སྤྱི་ཚོགས་ནང་ཐུགས་ཕན་ཆེན་པོ་གསོ་ཡི་ཡོད་པ་མངོན་སུམ་རེད། ང་རང་སྒེར་ལའང་དེ་རིང་གི་མཉམ་འཛོམས་འདིར་ཁྱེད་རྣམ་པ་དང་སྦྲེལ་མཐུད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་དོན་ཞུ་གཏུགས་པ་རྣམས་ཀྱི་ལས་འགུལ་དང་རྒྱབ་སྐྱོར་ནི་ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་འདིར་ལམ་སྣེ་འདྲེན་མཁན་ལ་ངོས་འཛིན་གྱིས་རྗེས་སུ་ཡི་རངས་ཞུ་ཡི་ཡོད། བོད་དེ་སྔ་མོའི་དུས་ནས་ཐུན་མོང་མ་ཡིན་པའི་མི་རིགས་དང་། རིག་གཞུང་། ཁུངས་ལྡན་གྱི་ས་ཁྲ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་འབྲེལ་ཐབས་བྱུས་དང་འཛིན་སྐྱོང་གི་ཆ་ནས་ཀྱང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བར་གནས་པའི་རྒྱལ་ཁབ་ཅིག་ཡིན།

ད་ལམ་རྒྱ་ནག་གཞུང་གིས་བོད་བཅིང་འགྲོལ་དང་། རྒྱལ་ཁམས་འཛུགས་བསྐྲུན་གྱི་གཏམ་འཆལ་གང་མང་སྤེལ་བཞིན་ཡོད་ནའང་། དོན་དངོས་ཐོག་བོད་དང་བོད་མིའི་ལོ་རྒྱུས་ནང་ཆེས་སྡུག་བསྔལ་བའི་མུན་པའི་དུས་རབས་ཤིག་ཡིན། རྒྱ་ནག་གཞུང་གི་སྡུག་རྩུབ་ཆེ་བའི་དྲག་གནོན་གྱི་སྲིད་ཇུས་དང་། རིག་གཞུང་བཙན་བསྒྱུར་གྱི་ལག་ལེན། མི་འབོར་གནས་སྤོ་དང་མི་རིགས་དབྱེ་འབྱེད་མ་ཟད་དཔལ་འབྱོར་དང་ཤེས་ཡོན་ཐད་ཟུར་ཕུད། གང་བྱུང་གཏེར་ཁ་སྔོག་འདོན། ཁོར་ཡུག་རྩ་གཏོར་གཏོང་བཞིན་པ་སོགས་ལ་བརྟེན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ཕོ་མོ་རྒན་གཞོན་སེར་སྐྱ་དབྱེ་མེད་གྲངས་ ༡༥༧ གྱིས་རྒྱ་ནག་གི་སྲིད་བྱུས་ལག་བསྟར་དེ་དག་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་གནང་ཡོད། དེ་ནི་བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་ངང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་ཐབས་སྡུག་གི་གནས་ཚུལ་ཕྱིར་སྒྲགས་གནང་གི་ཡོད་པ་ང་ཚོས་ཤེས་དགོས། གོ་ལ་འདིའི་སྒང་མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། ངོ་བོ་དང་ཆེ་མཐོང་ལྡན་པའི་མི་ཚེ་ཞིག་སྐྱེལ་འདོད་པའི་འདུན་པ་སྤྱི་མཚུངས་ཡིན་མོད། བོད་ནང་གི་བོད་མི་ཚོར་རང་དབང་དང་ཐོབ་ཐང་མེད་པར་དྲག་གནོན་འོག་ལུས་ཡོད་པ་ཕྱི་ལོ་ ༢༠༢༡ ནས ༢༠༢༣ བར་ལོ་གསུམ་བསྟུད་མར་ ”རང་དབང་ཁང་པའི་” Freedom House ཐོ་དེབ་ནང་ཆེས་རྡོག་རོལ་ཐེབས་བཞིན་པའི་ས་ཁུལ་དེ་བོད་ཡིན་པ་བསྟན་ཡོད།

“ཤེས་ཡོན་གྱི་ཐོབ་ཐང་དང་གྲངས་ཉུང་བའི་གནད་དོན། རིག་གཞུང་གི་ཐོབ་ཐང་བཅས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པས་” བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཡན་ནང་མི་དང་ཁ་བྲལ་བཏང་སྟེ། བཙན་ཤུགས་ཀྱིས་གཏན་སྡོད་སློབ་གྲྭར་ཞུགས་བཅུག་པ་ལ་སེམས་འཁུར་ཆེན་པོ་ཡོད་ཅེས་གསུངས་ཡོད།  སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་སྤྱིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༧༥ འཁོར་བའི་ཉིན་མོ་སྲུང་བརྩི་བྱས་ཡོད་ནའང་། བོད་ནང་གི་བོད་མི་རྩོམ་པ་པོ་དང་། ཤེས་ཡོན་ཅན། ཁོར་ཡུག་སྲུང་སྐྱོབ་པ། ཁེ་ལས་པ། སྒྱུ་རྩལ་པ་ཚུད་པའི་མི་སྣ་གལ་ཆེན་མང་པོ་ཞིག་རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་འཛིན་བཟུང་དང་བཀག་ཉར་འོག གདུག་སྦྱོང་མནར་གཅོད་ཐེབས་ཡོད་ལ་མང་པོ་ཞིག་ཁྲིམས་རར་མ་ཁྲིད་པར་ཟླ་བསྟུད་རིང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡང་མང་པོ་ཡོད་པ་རེད། གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོ་ནང་བོད་ནང་གི་བོད་མི་ས་ཡ་ཡན་གྱི་རིགས་རྫས་ (DNA) དོ་བདག་གི་འདོད་མོས་ལ་མ་ལྟོས་པར། དབང་ཤེད་ཀྱིས་བསྡུ་ལེན་བྱས་ཡོད་པ་ནི་དྲང་སྙོམ་མིན་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་བསྟན་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བ་ནས་ “དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་” ཟེར་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་བོད་ཨིན་གཉིས་ཐོག་ཡོངས་ཁྱབ་འགྲེམས་སྤེལ་བྱས་འདུག ཐོག་མར་ཕྱི་ལོ་ ༡༩༩༢ ལོ་ནས་ད་བར་བོད་ཀྱི་གནད་དོན་གཅིག་པུའི་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་གྲངས་ ༡༦ བཏོན་ཟིན་ཅིང་། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་དེ་ཚོའི་བརྗོད་དོན་སྙིང་པོ་ནི། མེད་པ་ཞིག་ཡོད་པར་སྒྲུབ་པ་དང་། མིན་པ་ཞིག་ཡིན་པར་སྒྲུབ་པ། དེ་བས་དོན་དངོས་ཀྱི་སྲིད་བྱུས་སོགས་མུན་ནག་ལྟ་བུ་དེ་དག་རྒྱབ་ཤ་དཀར་པོའི་ངོ་བོའི་ཐོག་ནས་དཀར་པོར་བསྒྱུར་ཐབས་བྱེད་པ་དེ་ཁོ་ན་ཡིན།

སྔ་ལོའི་རྒྱབ་ཤ་དཀར་པོ་དེའི་ནང་དོན་ནི། རྒྱུན་དུ་སྤེལ་བཞིན་པའི་ ”རྒྱལ་ཁམས་འཛུགས་བསྐྲུན་དང་སྤྱི་ཚོགས་ཡར་རྒྱས་ཀྱི་གྲུབ་འབྲས་” ཞེས་པའི་སྤེལ་གཏམ་ལ་ཁ་སྣོན་བྱས་པ་ཞིག་ལས་གཞན་གང་ཡང་མ་ཡིན། གལ་ཏེ་ ”གུང་ཁྲན་ཏང་ཕེབས་པ་སྡུག་བསྔལ་བདེ་ལ་འཁོད་སོང་།” ཞེས་པའི་བརྗོད་ཚིག་དེ་བདེན་པ་ཡིན་ན། བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་མེད། གལ་ཏེ་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་ནང་འཁོད་པ་ལྟར་ཡིན་ན། ཕྱི་ལོ་ ༢༠༢༢ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ལྕམས་སྐུ་མི་ཤལ་ སྦ་ཤི་ལེཌ། (Michelle Bachelet UN High commissioner for Human Rights) མཆོག་བོད་ནང་གཟིགས་སྐོར་དུ་དགག་དགོས་པའི་རྒྱུ་མཚན་ཅི་ཡིན། དེ་འདྲ་བའི་དྲི་བ་གྲངས་མེད་ལ་རྒྱ་ནག་གཞུང་གིས་ད་དུང་ཡང་ལན་འདེབས་བྱས་མེད། རྒྱབ་ཤ་དཀར་པོའི་ནང་ད་དུང་བཀོད་པ་ལྟར་ན། ཏཱ་ལའི་བླ་མ་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྲིད་ཐད། རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡིན་ཞེས་འཁོད་ཡོད་པ་མ་ཟད། དེ་ཡང་འོས་གཞི་རྒྱན་ཤོག་འཕངས་ནས་གསེར་བུམ་དཀྲུག་དགོས་པ། རྒྱ་ནག་གཞུང་གི་ངོས་ལེན་ཡོད་དགོས་པ་སོགས་ཀྱི་ལམ་ལུགས་གསར་བཟོའི་གཡོ་བྱུས་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ལམ་དང་ལུགས་སྲོལ་ལས་འགལ་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེ་ཡང་རྒྱབ་ཤ་དཀར་པོའི་ནང་དོན་འདི་བརྒྱུད་ནས་ལབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

བོད་དོན་བདེན་མཐའ་ཞི་བའི་ལམ་ནས་སེལ་བ་དང་། བོད་རྒྱ་མི་རིགས་གཉིས་པོ་འདྲ་མཉམ་ངང་མཉམ་གནས་ཐུབ་པའི་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡིད་ཆེས་དང་བློ་གཏད་བྱེད་ཀྱི་ཡོད། བོད་རྒྱ་གཉིས་ཀྱི་དབར་ལ་དོན་སྙིན་ལྡན་པའི་གྲོས་མོལ་ཞིག་ཡོང་བ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་འདི་རྒྱ་ནག་རྒྱལ་ནང་གི་རྙོག་གཞི་ཙམ་ཞིག་ལ་མ་རྩིས་པར། རྒྱལ་སྤྱིའི་དཀའ་རྙོག་ཅིག་ལ་གླེང་ཐུབ་ན་ཕན་ནུས་ཆེན་པོ་ཡོད་པ་རེད། བྱས་ཙང་ང་ཚོས་རྒྱལ་སྤྱིའི་ཆབ་སྲིད་དང་འགོ་འཁྲིད་མི་སྣ་ཁག་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་ཁག་ལ་བརྩི་སྲུང་བྱེད་པ་དང་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་རྩོད་ལེན་ལ་རྒྱབ་སྐྱོར་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད།

ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ནང་མང་གཙོའི་སྒྲིག་འཛུགས་ཤིག་ཡོད་པ་ནི་༧གོང་ས་མཆོག་གིས་ཐད་ཀར་གསོལ་རས་གནང་བ་ཞིག་རེད། དབུས་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་མཐུན་ལུགས་མཐུན་གྱི་བོད་དང་བོད་མིའི་ངོ་ཚབ་ཡིན། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་རྫོགས་པ་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྷག་བསམ་དང་སེམས་འཁུར་ཆེན་པོའི་ངང་འགན་འཁུར་བསླངས་དང་སླང་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྣམ་ཀུན་གྱི་འགན་འཁྲི་ཕུད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི། གཞན་ཡང་རྒྱ་གར་མི་མང་ཁྲོད་བོད་དོན་ཞུ་གཏུག་གི་ལས་འགུལ་དང་ལས་རིམ་གང་མང་སྤེལ་བཞིན་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་མཐུད་གཟབ་ནན་ཆེད་ཉར་གྱིས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་བྱེད་མུས་ཀྱི་ཁོངས་ནས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འདུ་སྐོང་བྱེད་རྒྱུ་དེ་གལ་ཆེ་ཤོས་ཤིག་རྩིས་ཀྱི་ཡོད་རེད། ད་བར་ཚོགས་ཆེན་བརྒྱད་འདུ་སྐོང་གནང་བ་ནས་ཚོགས་ཆེན་ཐེངས་བརྒྱད་པའི་དེ་ཕྱི་ལོ་ ༢༠༢༢ ལོར་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་ཡོད་པ་དང་། ཚོགས་ཞུགས་པ་གྲངས་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད། གོ་སྐབས་འདི་བཟུང་ནས་ཁྱེད་རྣམ་པར་ཞུ་རྒྱུར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་དེ་བཞིན་ཉི་ཧོང་གི་གྲོང་ཁྱེར་ཊོ་ཀྱིཡོ་ནང་ཚོགས་འཆར་ཡོད་པས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བརྒྱུད་ཁྱེད་རྣམ་པ་ལྷན་རྒྱས་གང་མང་ཞིག་ཕེབས་ཐུབ་པའི་རེ་བ་ཡོད།

འགྱུར་བ་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཅིག་ཡིན་ཞིང་། བཙན་རྒྱལ་ཆེན་པོ་ཞིག་གཏན་དུ་གནས་པ་ཞིག་མེད། ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་གི་དབང་ཆའི་འཐབ་རྩོད་ལ་དཔྱད་པ་གཏོང་བ་དང་། རྒྱ་ནག་དང་རྒྱང་ཐག་རིང་དུ་གཏོང་མཁན་གྱི་ཕྱི་ཕྱོགས་མ་དངུལ་འཇོག་མཁན་ཇེ་མང་དུ་འགྲོ་བཞིན་པ་བཅས་ཀྱི་ཐོག་ལ་བསམ་བློ་བཏང་བ་ཡིན་ན། རྒྱ་ནག་ནང་ཁུལ་དུ་ལས་མེད་ཀྱི་གནས་སྟངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་པོར་མཐོང་ཐུབ། རྒྱ་ནག་དམར་ཤོག་ཚོགས་པས་མི་སེར་གྱི་སེམས་ཁྲལ་རྣམས་སེལ་ཐབས་བྱེད་པར་འདོད་པ་མེད་པ་མཐོང་ནས་མི་མང་གི་འདོད་བློ་མ་ཁེངས་པ་དེས། དཔལ་འབྱོར་གྱི་གནས་སྟངས་དལ་དུ་འགྲོ་བ་དང་དེ་མིན་གྱི་སྡེ་ཚན་ཁག་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད། གནས་སྟངས་འདི་དག་ལ་གཞིགས་ན། བོད་རྒྱའི་དཀའ་རྙོག་འདི་ཞི་མཐུན་གྱི་ལམ་ནས་སེལ་བའི་ཐབས་ལམ་ལ་སྐུལ་འདེད་གཏོང་བའི་ཐད་ལ་བོད་མི་དང་བོད་ལ་རྒྱབ་སྐྱོར་གནང་མཁན་ཚོར་བྱེད་ལས་གལ་ཆེན་སྒྲུབ་པའི་གོ་སྐབས་ཐུན་མོང་མ་ཡིན་པ་ཞིག་ཡོད།

བོད་མི་མི་རེ་ངོ་རེ་ངོ་ནས་ང་ཚོའི་ཐུན་མོང་གི་རྩ་དོན་ལ་འགན་ཁུར་ཞིག་ཁུར་ཡོད་པ་དང་། སོ་སོའི་ནུས་པ་ལ་དཔགས་ཏེ་ཞབས་འདེགས་ཞུ་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་རྩ་དོན་ལ་གཡོ་བ་མེད་པའི་ཆོད་སེམས་བརྟན་པོར་བཟུང་བའི་ཆ་ནས་བོད་ཀྱི་མཐུན་གྲོགས་ཚོས་རྒྱབ་སྐྱོར་བརྟན་པོ་བྱས་ཡོད་པས། འདི་ནི་ལྷག་ཏུ་གལ་ཆེན་པོ་ཡིན། ཁྱེད་རྣམ་པས་མུ་མཐུད་རྒྱབ་སྐྱོར་གནང་བར་ང་ཚོས་སེམས་གཏིང་ནས་རྗེས་སུ་ཡི་རང་ཞུ་ཞིང་། རྒྱ་བོད་དཀའ་རྙོག་གི་རྙོག་འཛིང་ཆེ་བའི་དཀའ་ངལ་འདི་ལ་གདོང་ལེན་བྱེད་པར་ཁྱེད་རྣམ་པས་རྒྱབ་སྐྱོར་བྱེད་པའི་གལ་གནད་དེ་ངོས་འཛིན་བྱེད་བཞིན་ཡོད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དགུ་པ། བྷེལ་ཇེམ་རྒྱལ་ས་བྷིར་སིལ་སེ་སི་ནས་ཚོགས་འདུ་ཞིག་འཚོགས་ཤིང་། ཚོགས་འདུ་དེའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་གྲོས་བསྡུར་འཐུས་ཚང་ཞིག་བྱས། ངས་ཚོགས་ཞུགས་པ་ཚང་མར་ཉིན་གསུམ་གྱི་ཚོགས་འདུ་འདིའི་སྐབས་སུ་གཏན་ལ་ཕབ་པའི་གྲོས་ཆོད་དང་ལས་དོན་འཆར་གཞི་རྣམས་སོ་སོའི་རྒྱལ་ཁབ་ཏུ་ལོག་རྗེས་བརྩོན་པ་ཆེན་པོས་ལག་ལེན་དུ་འདེབས་དགོས་པའི་འབོད་སྐུལ་ནན་ཏན་དུ་ཞུ་ཡི་ཡིན། འབད་བརྩོན་དེ་དག་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་མཐུན་པའི་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤིག་ཏུ་བསྒྱུར་རྒྱུ་ནི་གལ་འགངས་ཆེན་པོ་ཡིན།

མཐའ་དོན་དེར། ཡུ་རོབ་གྲོས་ཚོགས་འཐུས་མི་དང་། པེལ་ཇེམ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ཚོགས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་བཅས་ཀྱིས་ཚོགས་འདུ་འདི་ཧ་ཅང་གོ་སྒྲིག་ཡག་པོ་གནང་འདུག་པ་མ་ཟད། རང་ཉིད་ཚོགས་འདུ་དེར་མགྲོན་འབོད་ཞུ་གནང་བར་ཐུགས་རྗེ་ཆེ་ཞུ། དེ་བཞིན་འདིར་བཞུགས་ཀྱི་བོད་ཀྱི་གྲོགས་པོ་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་བ་བཅས།

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།
དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།
དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།
དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།
དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།