
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༢༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཨིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ཨན་ཌི་སྦན་ཧམ་ (Andy Burnham) མཆོག་ལ་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ནས་ཨིན་ཡུལ་སྲིད་བློན་གྱི་མཛད་འགན་བཞེས་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
ཨིན་ཡུལ་གྱིས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་ཐོག་ལ་རྟག་ཏུ་འབད་བརྩོན་གནང་བཞིན་པར་བོད་མི་ཚོས་གུས་བརྩི་ཆེན་པོ་ཞུ་ཡི་ཡོད། གཞན་ཡང་བོད་དང་ཨིན་ཇིའི་དབར་ལོ་རྒྱུས་ཀྱི་དམིགས་བསལ་འབྲེལ་བ་བྱུང་ཡོད་ཅིང་། དེ་ཡང་རྒྱ་གར་ཨིན་གཞུང་གི་དུས་སྐབས་སུ་བོད་དང་ཨིན་གཞུང་དབར་ཐད་ཀར་འབྲེལ་བ་བྱུང་ཡོད་པ་མ་ཟད། རྒྱ་དམར་གཞུང་གིས་བོད་བཙན་བཟུང་མ་བྱས་གོང་གི་ལོ་རྒྱུས་ཀྱི་གནས་བབ་དངོས་སུ་མཐོང་ཡོད། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨིན་ཡུལ་ནང་ཆིབས་བསྒྱུར་གནང་བའི་ཐོག་ནས་ཨིན་ཡུལ་དང་བོད་མིའི་དབར་སྔར་ལྷག་འབྲེལ་བ་དམ་ཟབ་བྱུང་ཡོད་ཅིང་། དེ་ཡང་མགོན་པོ་མཆོག་གིས་བྱམས་བརྩེ་དང་འཚེ་བ་མེད་པའི་ལམ་སྟོན་ཐོག་ནས་ཨིན་ཡུལ་མི་མང་དང་བོད་རིགས་དབར་མཛའ་བརྩེའི་འབྲེལ་བ་འགྱུར་མེད་གནས་ཐུབ་ཡོད།
ཨིན་ཡུལ་སྲིད་གཞུང་རིམ་པ་དང་། གྲོས་ཚོགས་རིམ་པ། མི་མང་བཅས་ནས་བོད་ཀྱི་རྩ་དོན་ཐོག་ད་བར་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞི་བདེ་དང་། གྲོས་མོལ། རང་དབང་། འགྲོ་བ་མིའི་རིན་ཐང་བཅས་གོང་མཐོར་གཏོང་ཐབས་ཀྱི་ང་ཚོ་ཐུན་མོང་གི་འགན་འཁྲིའི་ཐོག་ལ་ང་ཚོས་སྐུ་ཉིད་ཀྱི་སྣེ་ཁྲིད་པའི་གཞུང་དང་ལྷན་མཉམ་ལས་གནང་རྒྱུར་རེ་སྨོན་བྱེད་ཀྱི་ཡོད། ཅེས་གསུངས་འདུག