དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཐཱོ་མས་ ཨེས་ ཀཱར་ནེ་ཇི་མཇལ་འཕྲད།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ལྡི་ལི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་དྲུང་ཆེ་ Thomas S. Carnegie, First Secretary, Political མཆོག་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ལ་རྩིས་སྤྲོད་གནང་ལུགས་དང་། སྲིད་སྐྱོང་མི་མང་ནས་ཐད་ཀར་འོས་བླུགས་ཏེ་འདེམས་ཀྱི་ཡོད་སྐོར་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག ལོར་འཁོར་གཅིག་གི་ཚོགས་དུས་སྔོན་རྩིས་དང་ལས་བསྡོམས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་དང་རྒྱུན་ལས་ཀྱི་སྡེ་ཚན་གསུམ་སྟེ། རྒྱུན་འབྲེལ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་བཅས་ཀྱི་སྐོར་ངོ་སྤྲོད་གནང་ནས། ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཤིག་དང་”བཙན་བྱོལ་དུ་རང་དབང་།”ཞེས་པའི་༸གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་ཨིན་ཇིའི་པར་མ་ཞིག་ཕུལ་གནང་ཡོད།

དེ་ནས། གྲོས་ཚོགས་ཚོགས་ཁང་ནང་ལྷན་ཕེབས་ཀྱིས་དཔལ་ལྡན་ཚོགས་གཙོ་མཆོག་ནས་གྲོས་ཚོགས་འཚོགས་སྐབས་ཀྱི་བཞུགས་གྲལ་འཁོད་སྟངས་དང་། དེར་དཔྱངས་པའི་བོད་ཀྱི་ས་ཁྲ་དང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་ཐང་ལ་སོགས་པར་འགྲེལ་བཤད་གནང་། གྲོས་ཚོགས་ཀྱི་ཚོམས་ཆེན་དུ་སྤྱི་འཐུས་སྐབས་སོ་སོའི་སྐུ་པར་ཁག་ལ་གཟིགས་ཞིབ་གནང་བ་བརྒྱུད་སྤྱི་འཐུས་ཀྱི་གྲངས་འབོར་སྣོན་འཕྲི་ནམ་བྱུང་སྐོར་འགྲེལ་བཤད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཕེབས་སྐྱེལ་ཞུས། །

Menu