དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སོགས་ནས་ཁམས་པའི་སྨྱུག་ཚོགས་ཀྱི་འབྲི་ཆུ་འདོན་ཐེངས་བཞི་པ་དབུ་འབྱེད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༢ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དབུས་ཆུ་སྒང་ཚོགས་གཙོ་ཨ་བོ་དགའ་སྐྱིད་ལགས། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་བཅས་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དམིགས་བསལ་ཆེད་དེབ་ཁམས་པའི་སྨྱུག་ཚོགས་ཀྱི་འབྲི་ཆུ་འདོན་ཐེངས་བཞི་པ་དབུ་འབྱེད་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་དཔེ་དེབ་དབུ་འབྱེད་མཛད་སྒོ་དབུ་འཛུགས་གནང་ཞིང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དམིགས་བསལ་སྐུ་མགྲོན་དབུས་ཆུ་སྒང་ཚོགས་གཙོ་ཨ་བོ་དགའ་སྐྱིད་ལགས། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག གཞན་ཡང་སྐུ་མགྲོན་དུ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་བློ་བཟང་གྲགས་པ་མཆོག དེ་བཞིན་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་རྣམ་པ། གསར་འགོད་པ་སོགས་འདུ་འཛོམས་གནང་བའི་ཐོག་དཔེ་དེབ་དབུ་འབྱེད་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་དཔེ་དེབ་དབུ་འབྱེད་མཛད་སྒོ་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་གཉིས། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་བཅས་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དམིགས་བསལ་ཆེད་དེབ་ཁམས་པའི་སྨྱུག་ཚོགས་ཀྱི་འབྲི་ཆུ་འདོན་ཐེངས་བཞི་པ་དབུ་འབྱེད་གནང་སོང་།

དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང་། དབུས་ཆུ་སྒང་ཚོགས་གཙོ་རྣམ་གཉིས་ནས་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། འབྲི་ཆུ་འདོན་ཐེངས་བཞི་པ་དེ་ཁྱུག་ཙམ་མཇལ་རྒྱུའི་གོ་སྐབས་བྱུང་། སྔོན་ལ་བཀའ་གནང་བ་ནང་བཞིན་རེད། དེའི་ནང་ལ་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་རྩོམ་བྲིས་གནང་རྒྱུས་མཚོན་པའི་དཔྱད་རྩོམ་དང་། སྙན་དངགས། བསྒྱུར་རྩོམ་བཅས་སྡེ་ཚན་བཞི་ལ་དབྱེ་བ་ཕྱེ་འདུག དེའི་ནང་ནས་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དེ་གཙོ་བོ་གཅིག་བྱས། དེ་ནས་དཔྱད་རྩོམ་ནང་ལ་དང་པོ་དེར་མནའ་གན་མཐུ་མོ་ཆེ་ནས་འགོ་འཛུགས་ཏེ་ཕལ་ཆེར་རྩོམ་སུམ་ཅུ་ཙམ་འདུག དེ་བཞིན་སྙན་དངགས་ལྟ་བུར་ཆ་བཞག་ན་རྩོམ་བཞི་བཅུ་ཞེ་བདུན་ཙམ་དང་། བསྒྱུར་རྩོམ་གཉིས་བཅས་འདུག དེ་ཚོ་འབྲི་མཁན་རྩོམ་པ་པོ་མང་པོ་ཞེ་དྲག་ཆགས་བསྡད་འདུག དེ་འདྲ་ཡིན་ཙང་ཐོག་མར་ལས་ཀ་དེ་དབུ་བརྩམས་གནང་མཁན་རེད། དེའི་ཐོག་ལ་འཇུག་མཁན་བཅས་ཚང་མར་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དཔྱད་རྩོམ་དེ་ཡང་མནའ་གན་མཐུ་མོ་ཆེ་ནས་འགོ་འཛུགས་པ་དེ་ཡག་པོ་ཞེ་དྲག་མཐོང་བྱུང་། དོན་དག་ངོ་མ་དེ་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་ཆོལ་གསུམ་ཆོས་ལུགས་དང་བཅས་པས་བརྟན་ཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། ང་ཚོ་སྔོན་མ་ནང་ཁུལ་འགལ་ཟླ་འདྲ་པོ་བྱས་ནས་ད་ལྟའི་གནས་ཚུལ་དེ་འདྲ་ཆགས་པ་རེད། ད་ནས་བཟུང་ཁྱེད་ཀྱིས་དབུ་འཁྲིད་རོགས་གནང་། ང་ཚོ་ཆོལ་གསུམ་ཆོས་ལུགས་དང་བཅས་པ་མཐུན་སྒྲིལ་གོང་བུའི་ནུས་པ་ལྕགས་ཀྱི་གོང་བུ་ནང་བཞིན་སྡོད་ཀྱི་ཡིན་ཞེས་དམ་བཅའ་ཕུལ་གནང་བ་རེད། དེ་འདྲ་ཡིན་ཙང་། གང་བྱས་ང་ཚོ་བཙན་བྱོལ་ནང་སྡོད་མཁན་ཚང་མ་ལོགས་ལ་མཐུན་སྒྲིལ་གོང་བུའི་ནུས་པ་དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་འདུག དེ་ཚོའི་ཐོག་ལ་ང་ཚོས་གཅིག་གནང་དགོས་པ་གལ་ཆེན་པོ་རེད། དེ་ནས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་ཟེར་བ་དེའི་ནང་ནས་འཆད་རྩོད་རྩོམ་ཟེར་བ་དེ་གནད་འགག་ཆེན་པོ་རེད། ང་ཚོའི་བོད་པའི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་དགོས་ན། རྩོམ་གྱི་བྱ་བ་ལ་འཇུག་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་། ཁམས་པའི་སྨྱུག་ཚོགས་ཀྱིས་ད་རེས་པར་བསྐྲུན་གནང་བའི་དཔེ་དེབ་དེ་འདོན་ཐེངས་བཞི་པ་ཆགས་ཀྱི་ཡོད་འདུག དེའི་སྔོན་ལ་གསུམ་བཏོན་ཟིན་པ་རེད། མ་འོངས་པར་ཡང་དཔེ་དེབ་གདོན་གྱི་རེད། དེ་ཚོའི་གྲས་ང་ཚོ་གཞན་དག་ཚོས་ཀྱང་དཔེ་བླངས་དགོས་ཀྱི་འདུག ཇི་ཙམ་གྱི་བརྩམ་རྒྱུ་མང་བ་བྱུང་བ་དེ་ཙམ་གྱི་ང་ཚོའི་སྐད་ཡིག་སྲུང་སྐྱོབ་ཞུ་རྒྱུར་ཕན་ཐོགས་ཡོང་གི་ཡོད། དེ་འདྲ་ཡིན་ཙང་བྱ་བ་ཐོག་མར་རྩོམ་མཁན་དང་བཅས་པར་ཚང་མར་བསྔགས་བརྗོད་ཞུ་གི་ཡོད། ང་ཚོས་བརྩམས་གྲུབ་པའི་རྗེས་ལ་ཞུ་དག་གནང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་འདུག དཔེར་ན་ད་ལྟ་འདྲ་པོ་ཆ་བཞག་ན་ངས་ཟུར་ཙམ་བལྟས་པ་ཡིན། གཏི་མུག་ཟེར་བ་ཏིག་མུག་འདྲ་པོ། རིང་ལུགས་ལ་རང་ལུགས་ཟེར་བ་འདྲ་པོ། བོན་པོའི་ལ་བོན་པའི་ཟེར་བ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་དེ་ཞུ་དག་མི་གསར་པ་གཅིག་གིས་གནང་བ་ཡིན་ན་ཡོང་གི་མི་འདུག དཔེར་ན་ང་རང་འདྲ་པོ་ཡིན་ནའང་ཉམས་མྱོང་ཡོད། དེ་སྔ་ཝ་ར་ཎ་སི་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱས་པའི་སྐབས་ལ། དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་དེར་ངས་ཞུ་དག་བྱས་མྱོང་། དེ་བཞིན་རྗེ་བཙུན་རེད་མདའ་བས་མཛད་པའི་དབུ་མ་འཇུག་པའི་འགྲེལ་པ་དེ་ཡང་ངས་ཞུ་དག་བྱས་མྱོང་། ཐེངས་མ་བདུན་ཙམ་ཡང་ནས་བསྐྱར་དུ་བཀླགས་པ་ཡིན་ནའང་གང་བྱས་ག་རེ་ཡིན་ནའང་གཅིག་ལྷག་བསྡད་ཀྱི་འདུག དེབ་གང་པར་བསྐྲུན་གནང་གི་ཡོད་པ་ཡིན་ནའང་གཙོ་བོ་འགན་ཁྱེར་མཁན་དེས་མི་གསར་པ་ཞིག་གམ་མིག་གསར་པ་ཞིག་ལ་ཞུ་དག་མཐའ་མ་གནང་འཇུག་དགོས་པ་དེ་གལ་ཆེན་པོ་རེད་འདུག ང་རང་ཚོ་མིག་ལ་འདྲིས་བསྡད་ཡོད་དུས་དེ་ཡིན་ཤག་བྱས་ནས་འགྲོ དོན་དག་ངོ་མར་གཅིག་ལྷག་བསྡད་པ་དེ་འདྲ་ཡོང་གི་འདུག མིག་གསར་པ་ཞིག་གིས་མཐའ་མ་དེར་ཞུ་དག་གནང་བ་ཡིན་ན་དེ་འདྲའི་ནོར་འཁྲུལ་ཕྲན་ཚེགས་མ་ཡོང་བའི་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག

༧རྒྱལ་དབང་སྐུ་ཕྲེང་གོང་མ་ཐམས་ཅད་ཀྱི་མཛད་པ་འཕྲིན་ལས་ཚུར་བསྡོམས་པ་ལས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གཅིག་པུའི་མཛད་པ་འཕྲིན་ལས་དེ་ལྗི་བ་དང་མང་བ་ཆགས་བསྡད་ཡོད་རེད། བྱས་ཙང་ང་ཚོས་བཀའ་དྲིན་རྗེས་དྲན་བྱ་རྒྱུར་ཐོག་མར་བཀའ་དྲིན་དེ་ཤེས་དགོས་ཀྱི་ཡོད། བཀའ་དྲིན་ཤེས་པའི་ཐོག་ནས་རྗེས་སུ་དྲན་དགོས་ཀྱི་ཡོད་རེད། ད་གིན་སྔོན་ལ་གསུངས་པ་ནང་བཞིན་རེད། སྐབས་དེ་དུས་༧གོང་ས་མཆོག་ནི་བོད་ལུགས་བརྩིས་ན་དགུང་ལོ་ ༡༦ དང་ཕྱི་ལུགས་བརྩིས་ན་དགུང་ལོ་ ༡༥ ལ་ཕེབས་པའི་བྱིས་པ་ཞིག་རེད། དེ་འདྲ་ཞིག་གི་ལོ་ཚོད་ལ་ཆབ་སྲིད་ཀྱི་ཐུགས་འགན་བསྐྱེད་བཞེས་གནང་དགོས་པ་ཆགས་ཡོད། སྐབས་དེའི་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དེ་རྩབ་ཧྲལ་རྩབ་ཧྲལ་ཆགས་ཡོད་པའི་སྐབས་ལ་ཐུགས་བསྐྱེད་བཞེས་དགོས་བྱུང་ཡོད། ཡག་པོ་ཡོད་པའི་སྐབས་བཞེས་པ་ཡིན་ན་ཁོ་གནས་སྟངས་གཞན་དག་ཅིག་རེད། དཔེ་མི་སྲིད་པའི་མར་མེ་འཆི་ལ་ཁད་པའི་དུས་ཚོད་ཅིག་ལ་་བྱིས་པ་ལོ་ངོ་ ༡༦ ཅན་ཞིག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་ཐུགས་འགན་བསྐྱེད་བཞེས་གནང་སྟེ་རྒྱ་མིར་བསྟུན་གཤིབས་གནང་རྒྱུ་རེད། ང་རང་ཚོའི་སྤྱི་ཚོགས་ལེགས་བཅོས་གནང་རྒྱུ་སོགས་པ་བོད་ནང་ཛ་དྲག་དེ་འདྲ་ཡོད་པའི་སྐབས་ལའང་དེ་ལྟར་གནང་བ་རེད། ང་རང་ཚོ་བཙན་བྱོལ་ལ་གྱར་བའི་རྗེས་ཐོག་མར་སློབ་གྲྭ་འཛུགས་རྒྱུ་དང་། གཞིས་ཆགས་འཛུགས་རྒྱུ། གདན་ས་ཁག་འཛུགས་རྒྱུ་སོགས་ཀྱི་ཐོག་གོ་བསྡུར་རིམ་པ་དང་སྐུ་ངལ་ཆེན་པོ་བསྐྱོན་ཡོད།  ང་ཚོས་ཡིག་ཆ་རྙིང་པ་ཁག་ལ་གཟིགས་པ་ཡིན་ན། གདན་ས་ཁག་ཐོག་མར་ལྷོ་ཕྱོགས་ལ་འཛུགས་རྒྱུའི་དགོངས་པ་ཁྱོན་ནས་བཞེས་མི་འདུག སྦག་ས་ལ་ཚ་བ་ཆེན་པོ་རེད། ཧི་མ་ཅཱལ་གཡས་གཡོན་དུ་གདན་ས་ཁག་ཇི་ལྟར་འཛུགས་དགོས་འདུག་གམ། པ་ལམ་པུར་དུ་ཐུགས་ཞིབ་གནང་བར་ཕེབས་པ་ལ་སོགས་པ་དེ་འདྲ་མང་པོ་བྱུང་འདུག མཐའ་མ་དེར་རྒྱ་གར་ལྷོ་ཕྱོགས་ལ་ཀར་ན་ཀྲ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཇ་ལིངྒ་པ་མཆོག་གིས་གཞིས་ཆགས་ཀྱི་ས་ཆ་གནང་དུས་གཞི་ནས་ལྷོ་ཕྱོགས་ནང་དགོན་པ་ཁག་གསར་འཛུགས་གནང་འདུག གང་བྱས་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་ལ་སོགས་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གནང་རྒྱུའི་ཆེད་དུ་རླབས་ཆེན་གྱི་བྱ་བ་རབས་དང་རིམ་པ་གནང་ཡོད་རེད། ང་རང་ཚོ་བོད་པ་ཚོར་ཆ་མཚོན་པ་ཡིན་ན། ང་ཚོའི་སྐྱབས་ཟེར་ནའང་༧རྒྱལ་བ་རིན་པོ་ཆེ་རེད། མགོན་ཟེར་ནའང་༧རྒྱལ་བ་རིན་པོ་ཆེ་རེད། ཕ་མ་ཟེར་ནའང་༧རྒྱལ་བ་རིན་པོ་ཆེ་རེད། དེ་འདྲ་སོང་ཙང་། མགོན་པོ་གང་གིས་བཀའ་གང་གནང་བ་རྗེས་སུ་འཇུག་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། ལྷག་པར་དུ་སྔོན་ལ་སྐུ་ངོ་ཆོས་རིག་བཀའ་བློན་མཆོག་གིས་གསུངས་པ་ནང་བཞིན་བྱས་ནས་གཡོལ་དུ་མེད་པའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་ང་རང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དེའི་ནང་དོན་རྟོགས་པ་བྱས་ནས་རང་ཉིད་ཀྱིས་གང་ཐུབ་ཐུབ་ཀྱིས་དེའི་ཐོག་ལ་རྗེས་སུ་འཇུག་པ་གནང་དགོས་པ་གནད་འགག་ཆེན་པོ་རེད། དེ་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད། དེ་ནང་བཞིན་བྱས་ནས་༧རྒྱལ་བ་རིན་པོ་ཆེས་བཀའ་གང་ཕེབས་པའི་ཐོག་ང་རང་ཚོས་གང་དང་གང་བྱེད་ཐུབ་ཀྱི་འདུག དེ་ཚོའི་ཐོག་ལ་སློབ་སྦྱོང་གནང་དགོས་པ། ད་རིང་ཁ་སང་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བཞག་པ་དེ་ཚོར་སློབ་སྦྱོང་གནང་མཁན་དེ་ཚོ་ཕྱིའི་མི་དེ་ཚོ་ཆགས་ཡོད་པ་འདྲ་པོ། ང་རང་ཚོ་སྤྱིར་བཏང་འདྲ་པོ་ཆགས་བསྡད་པ་མཐོང་གི་འདུག དེ་འདྲ་ཡིན་ཙང་དེ་ཚོའི་ཐོག་ལ་སློབ་སྦྱོང་གནང་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། གང་བྱས་བཀའ་ཇི་བཞིན་སྒྲུབ་པར་མགོན་པོ་གང་གིས་བཀའ་སློབ་གང་གནང་བཞག་པ་དེ་ཚོའི་ཐོག་ལ་སློབ་སྦྱོང་གནང་དགོས། ལྷག་པར་དུ་ང་ཚོ་བོད་པ་ཚང་མ་ལོགས་ནས་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་མི་དགོས་པ་ཞིག་བཟོ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག ད་ལྟ་དགུང་ལོ་དཔེ་མི་སྲིད་པའི་མཐོ་པོར་ཕེབས་ཡོད་རེད། གང་བྱས་དགུང་ལོ་ ༡༡༦ ཡིན་ནའང་རེད། ཡང་ན་ ༡༢༥ ཡིན་ནའང་རེད། དེ་འདྲ་ཞིག་བཞུགས་ཐུབ་པ་བཟོ་རྒྱུར་ང་ཚོར་འགན་ཆེན་པོ་ཞེ་དྲག་ཡོད་རེད་བསམ་གྱི་འདུག དེ་འདྲ་ཡིན་ཙང་༧རྒྱལ་བའི་དགོངས་པ་དཀྲུག་མི་དགོས་པ་ཞིག་གནང་དགོས་པ་དང་། ༧རྒྱལ་བའི་བཀའ་དགོངས་ཚུལ་བཞིན་བསྒྲུབ་པ་ཡིན་ན། ང་ཚོར་སྔོན་མ་ནས་ལུང་བསྟན་ཡོད་པ་ཇི་བཞིན་དང་། ༧རྒྱལ་བ་རིན་པོ་ཆེ་ནས་ཀྱང་བཞུགས་ཀྱི་ཡིན་ཞེས་ཞལ་བཞེས་ཕེབས་ཡོད་རེད། དེ་འདྲ་ཞིག་བཞུགས་རྒྱུའི་སྨོན་འདུན་ཞུ་གི་ཡིན། མཐའ་མ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །