དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཏ་རུན་གྷོ་ག་ཡེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་ཞུས་པ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ ཉིན་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་དམ་པ་ཏ་རུན་གྷོ་ག་ཡེ་མཆོག་མཇལ་འཕྲད་གནང་སྐབས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཏ་རུན་གྷོ་ག་ཡེ་ (Tarun Gogoi, Former Chief Minister of Assam) མཆོག་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིའི་ནང་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ཚེས་ ༢༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་བུ་སོགས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་བུ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་གྷོ་རབ་གྷོ་ག་ཡེ་ (Gaurav Gogoi,MP) མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། ཁྱེད་ཀྱི་ཡབ་སྐུ་ཞབས་ཏ་རུན་གྷོ་ག་ཡེ་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་། ངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། སྐུ་ཞབས་དམ་པ་ཏ་རུན་གྷོ་ག་ཡེ་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་གར་དབུས་དང་། མངའ་སྡེའི་ཆབ་སྲིད་ནང་ནུས་པ་ཆེན་པོ་བཏོན་ཡོད་པ་མ་ཟད། དམ་པ་ཁོང་ནི་རྒྱ་གར་གྱི་ཁྱད་དུ་འཕགས་པའི་དབུ་འཁྲིད་ཅིག་ཡིན།

ཁྱེད་ཀྱི་ཡབ་དམ་པ་ཁོང་ནི་བོད་མིའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་དང་། ལྷག་པར་དུ་བོད་མི་རྣམས་ཐོག་མར་བཙན་བྱོལ་བ་ཆགས་པའི་སྐབས། ཨ་སམ་མངའ་སྡེའི་བྷག་ས་ (Baksa) རྫོང་དུ་སླེབས་པའི་བོད་མི་བཙན་བྱོལ་བ་རྣམས་ལ་ཨ་སམ་གཞུང་མང་གཉིས་ནས་སྣེ་ལེན་མཐུན་འགྱུར་གང་ལེགས་གནང་ཡོད། དེར་བརྟེན་རྒྱ་གར་གཞུང་དང་། ཨ་སམ་མངའ་སྡེའི་མི་མང་གཉིས་ནི་ང་ཚོ་བོད་མི་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན།

ཕྱི་ལོ་ ༢༠༡༨ ཟླ་ ༧ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་སམ་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས་ངས་སྣེ་འཁྲིད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་སྐུ་ཞབས་དམ་པ་ཏ་རུན་གྷོ་ག་ཡེ་མཆོག་དང་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་བ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་སྐོར་གསུངས་གནང་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་སྐུ་ཞབས་ཁྱེད་དང་ལྷན་དུ་ཡང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད། ཁྱེད་ནང་མི་ལྷན་རྒྱས་དང་། སྲིད་དོན་ཚོགས་པའི་ངོས་ནས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དཀའ་ཁག་ཅན་གྱི་དུས་ཚོད་འདིར་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

སྐུ་ཞབས་དམ་པ་ཏ་རུན་གྷོ་ག་ཡེ་མཆོག་སྐུ་གཤེགས་པ་དེས་རྒྱ་གར་གྱི་ཆབ་སྲིད་དང་། རྒྱ་གར་གཞུང་ལ་གྱོང་གུད་ཆེན་པོ་ཕོག་པ་ཙམ་མ་ཟད། ཨ་སམ་མངའ་སྡེ་དང་། བོད་མི་རྣམས་ལ་དེ་བས་གྱོང་གུད་ཆེན་པོ་ཕོག་ཡོད་ཅེས་འཁོད་གནང་འདུག་པ་བཅས། །