༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༨ ཉིན་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་རམ་ཝི་ལ་ས་པ་ས་ཝན་ (Shri Ram Vilas Paswan) མཆོག་རྒྱལ་ས་ལྡི་ལིར་དགུང་ལོ་ ༧༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ཚེས་ ༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་བུ་སོགས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག
དམ་པ་ཁོང་གི་བུ་སྐུ་ཞབས་ (Shri Chirag Paswan) མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། རྒྱ་གར་སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་དང་། རྒྱ་གར་ (Lok Jansakti Party (LJP)) སྲིད་དོན་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་རམ་ཝི་ལ་ས་པ་ས་ཝན་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང་། ཁོང་སྐུ་འཚོ་བཞུགས་རིང་རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པས་དབུ་འཁྲིད་པའི་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པའི་ (National Democratic Alliance) སྲིད་གཞུང་གི་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་མི་དང་། རྒྱ་གར་དབུས་གཞུང་གི་བཟའ་བཅའི་བློན་ཆེན་སོགས་རྒྱ་གར་གྱི་ཆབ་སྲིད་ནང་ལས་གནས་འདྲ་མིན་ཐོག་རྒྱ་གར་གཞུང་ལ་ཞབས་ཕྱི་ཧུར་ཐག་ཞུས་གནང་ཡོད།
སྐུ་ཞབས་དམ་པ་རམ་ཝི་ལ་ས་པ་ས་ཝན་མཆོག་གིས་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་པའི་ཐོག་ནས་ཁོང་དབུ་འཁྲིད་ཚད་ལྡན་ཞིག་ཡིན་པ་རྟག་ཏུ་དྲན་ངེས་ཡིན། དམ་པ་ཁོང་ནི་འདས་པའི་མི་ལོ་ལྔ་བཅུའི་ནང་རྒྱ་གར་གྱི་ཆབ་སྲིད་ནང་ཆ་ཤས་མང་པོ་བཞེས་མཁན་ཞིག་དང་། རྒྱ་གར་གྱི་སྲིད་བྱུས་ཁག་ཅིག་གཏན་འབེབས་གནང་རྒྱུར་ནུས་པ་ཆེན་པོ་བཏོན་ཡོད། ང་ཚོ་བོད་མི་ཚོར་ཆ་མཚོན་ན། དམ་པ་ཁོང་ནི་ང་ཚོའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་མཁན་རྒན་གྲས་ཤིག་དང་གལ་ཆེན་ཞིག་ཡིན། ཁོང་གིས་བོད་དོན་ལས་འགུལ་ཁག་ནང་ཐུགས་ཁུར་ཆེན་པོས་མཉམ་ཞུགས་གནང་གི་ཡོད། ང་ཚོས་དམ་པ་ཁོང་དང་། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དུས་ཚོད་དཀའ་ཁག་ཅན་འདིར་སྐུ་ཞབས་ཁྱེད་དང་། ཁྱེད་ཀྱི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
དམ་པ་ཁོང་གྲོས་ཚོགས་འཐུས་མི་གནང་བའི་རིང་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་ལ་ཐེངས་ཁ་ཤས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། དམ་པ་ཁོང་གིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་པོ་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་མཚོན་སླད་བོད་དོན་ལས་འགུལ་ཁག་ཅིག་ནང་ལའང་མཉམ་ཞུགས་གནང་ཡོད། དཔེ་མཚོན་ཙམ་ཞིག་ཞུས་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་སྐབས་དམ་པ་ཁོང་མཉམ་ཞུགས་གནང་ཡོད།
དམ་པ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་གནང་མཁན་ཞིག་ཡིན།
ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་སྐབས་ང་རང་དམ་པ་ཁོང་དང་ལྷན་ཐོག་མར་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཐོབ་ཅིང་། དེ་ནས་རིམ་པས་མཇལ་འཕྲད་ཐེངས་ཁ་ཤས་གནང་རྒྱུ་བྱུང་། དམ་པ་ཁོང་ནི་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་ཆབ་སྲིད་མི་སྣ་ཞིག་ཡིན་པ་མ་ཟད། བོད་ཀྱི་བློ་ཐག་ཉེ་པོའི་གྲོགས་པོ་ཞིག་ཀྱང་ཡིན།
ངས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་དང་། ཁོང་གི་རྗེས་འབྲངས་པ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་ཡོངས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པ་མ་ཟད། ང་ཚོ་བོད་པ་ཚོ་ལའང་དེ་ལྟར་གྱོང་གུད་ཕོག་ཡོད་ཅེས་འཁོད་གནང་འདུག་པ་བཅས། །