དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་མར་སིངྒ་མཆོག་སྐུ་ཚེའི་འཕེན་པར་རྫོགས་པར་ཐུགས་གསོ་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གྱི་ (Hon. Amar Singh, Rajya Sabha member and former Samajwadi Party leader) སྤྱི་ཚོགས་རིང་ལུགས་སྲིད་དོན་ཚོགས་པའི་དབུ་འཁྲིད་ཟུར་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་མར་སིངྒ་མཆོག་དགུང་ལོ་ ༦༤ ཡི་ཐོག་སྐུ་ཚེའི་འཕེན་པ་རྫོགས་པར། ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་ཨ་མར་སིངྒ་མཆོག་སྐུ་འཚོ་ཞིང་བཞུགས་པའི་སྐབས་རྒྱ་གར་གྱི་ཆབ་སྲིད་ནང་ཆ་ཤས་མང་པོ་བཞེས་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་དམ་པ་ཁོང་གིས་རང་ནུས་གང་ལྕོགས་ཀྱིས་ཞབས་འདེགས་ཞུས་ཏེ་རྒྱ་གར་གྱི་ཆབ་སྲིད་ཡར་རྒྱས་ཐོག་ནུས་པ་ཆེན་པོ་བཏོན་ཡོད། དམ་པ་དེ་ཉིད་རྒྱ་གར་གྱི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་བ་དམ་ཟབ་ཡོད་པ་དེས། སྲིད་དོན་ཚོགས་པ་འདྲ་མིན་ཡོད་པའི་ཆབ་སྲིད་ནང་སྐུ་ཞབས་ཁོང་ནི་ཀུན་དང་འདྲིས་པོ་ཡོད་པའི་མི་སྣ་ཞིག་ཡིན་པ་མངོན་གྱི་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དམ་པ་ཁོང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དང་། ང་ཚོས་སྐུ་ཞབས་ཁོང་ནི་རྒྱ་གར་གྱི་གྲགས་ཅན་ཆབ་སྲིད་མི་སྣའི་ཁོངས་ནས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བྱས་ཙང་སྐུ་ཞབས་ཁོང་སྐུ་གཤེགས་པ་དེས་རྒྱ་གར་གྱི་ཆབ་སྲིད་ལ་གྱོང་གུད་ཙམ་མ་ཟད། ང་ཚོ་བོད་པ་ཚོ་ལའང་དེ་ལྟར་གྱོང་གུད་ཕོག་ཡོད།

ངས་སླར་ཡང་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག་པ་བཅས། །

 

Menu