དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་བར་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༥ ཉིན་རྒྱ་ནག་ལ་གདོང་ལེན་བྱ་ཆེད་ཨ་རི་དང་། ཨིན་ཡུལ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཀྲོ་ལི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྣེ་འཁྲིད་འོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter-Parliamentary Alliance on China (IPAC)) ཞེས་པ་གསར་འཛུགས་གནང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ནང་ཨ་རི་དང་། ཨོ་སི་ཀྲོ་ལི་ཡ། ཁེ་ན་ཌ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། འཇར་མན། ཉི་འོང་། ནོར་ཝེ། སུད་ཌེན། ཨིན་ཡུལ། ནི་ཐར་ལན་ཌི། ལི་ཐུ་ནི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལི། ཕ་རན་སི། སུད་སི་རྒྱལ་ཁབ་བཅས་ཀྱི་གྲོས་ཚོགས་འཐུས་མི་མཉམ་ཞུགས་གནང་འདུག

དེ་ཡང་ཕྱི་ཚེས་ ༡༦ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་བསྐུར་བའི་འཚམས་འདྲིའི་འཕྲིན་ཡིག་ནང་འཁོད་དོན། ཁྱེད་རྣམས་ཀྱི་མཁྱེན་གསལ་ལྟར། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། དེ་བཞིན་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་སྟེ་གྲྭ་བཙུན་རྣམས་འདོད་པ་མེད་བཞིན་དུ་སྐྱ་སར་ཕབ་པ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་མུ་མཐུད་ཁྲིམས་མེད་ལུགས་མེད་ཀྱིས་བོད་མི་རྣམས་འཇུ་བཟུང་དང་། བཀག་ཉར། མནར་གཅོད་ཚད་མེད་བཏང་ནས་ཉེས་མེད་བཙན་འགེལ་གྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཀྱི་ཡོད།

རྒྱ་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ནི་ཁོང་ཚོ་གནས་རྒྱུར་ཉེན་ཁ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོ་ཚོའི་བྱ་སྤྱོད་ལས་རྒྱ་དམར་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་ཐོབ་ཐང་དང་། རྒྱལ་སྤྱིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་བཅས་གནས་རྒྱུར་ཉེན་ཁ་བཟོ་གི་ཡོད།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་ངོ་དྲུག་ཅུ་ལྷག་བོད་ནང་ཁྲིམས་འགལ་དབང་སྒྱུར་བྱས་པར་ང་ཚོས་ཞི་རྒོལ་སྐད་འབོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་དེར་ཡ་ལན་རྩ་བ་ནས་བྱེད་ཀྱི་མེད། ད་རེས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་བ་དེ་བརྒྱུད། རྒྱ་ནག་གཞུང་གིས་དྲག་གནོོན་དབང་སྒྱུར་མུ་མཐུད་བྱེད་མི་ཐུབ་པའི་རེ་བ་ཞིག་སྤྲོད་ཀྱི་ཡོད། དེར་བརྟེན། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་བ་དེས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་བཏང་བའི་བྱ་སྤྱོད་ལ་འགན་འཁུར་དགོས་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གནོད་སྐྱོན་བཏང་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། སླར་གསོ་བྱ་རྒྱུའི་གོམ་སྟབས་གལ་ཆེ་ཞིག་རེད། རྒྱ་དམར་གཞུང་གི་འོག་སྡུག་པོ་མྱངས་དང་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཚོར་རྒྱ་ནག་གཞུང་ནས་དྲང་གཞག་དང་། ཕྱི་གསལ་ནང་གསལ་ཡོང་རྒྱུར་ཚོགས་པ་དེས་ཁྱད་པར་ཆེན་པོ་བཟོ་རྒྱུའི་རེ་བ་ཡོད།

ང་ཚོས་རྒྱལ་སྤྱིའི་ཆེ་མཐོང་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་བཟོས་པའི་ཉེན་ཁར་ང་ཚོས་ཁྱེད་ཚོ་དང་མཉམ་དུ་གདོང་ལེན་བྱེད་ཀྱི་ཡིན། ངས་ཁྱེད་རྣམས་ཀྱི་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད་པ་བཅས། །

 

 

 

Menu