དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༦ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་ཞིག་འཚོགས་གནང་ཡོད་པ་དང་། དེའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་སེར་བྱེས་ཕྱག་མཛོད་ཆེན་མོའི་སྐུ་ཚབ། མཐོ་སློབ་ཁག་མི་འདྲ་བ་ ༢༧ ནས་ཕེབས་པའི་ཚོགས་བཅར་བ་ ༡༡༥ བཅས་ལྷན་འཛོམས་གནང་ཡོད་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ཚོགས་འདུ་འདིའི་ཐོག་གྲྭ་ཚང་ནང་སློབ་སྦྱོང་གནང་མཁན་དེ་གྲྭ་ཚང་རང་གི་གནས་བབ་གཅིག་གི་ཐོག་ནས་ཞུགས་ཀྱི་ཡོད་པ་དང་། གྲྭ་ཚང་མ་ཡིན་པའི་བསྟི་གནས་གཞན་ཁག་གི་ནང་ནས་འདིར་འདུ་འཛོམས་གནང་མཁན་དེ་ངོ་བོ་གཞན་དག་གཅིག་གི་ཐོག་ལ་གནས་ཀྱི་ཡོད་རེད། ཚོགས་ཆེན་འདི་ལྟ་བུར་སྲོལ་རྒྱུན་གྱི་སློབ་སྦྱོང་གནང་མཁན་ཚོ་མཉམ་ཞུགས་གནང་རྒྱུ་ཡོད་པ་གང་ཞིག་ལ་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་གནང་མཁན་དེ་དག་ཀྱང་ཕེབས་རྒྱུ་ཡོད་པ། དེ་དེ་བཞིན་གྱི་སོ་སོའི་གནས་བབ་གང་འདྲ་ཡིན་པའི་ཐོག་བགྲོ་གླེང་གནང་རྒྱུའི་གོ་སྐབས་ཡོད་པ་ལ་སོགས་པ་གང་བྱས་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཀྱི་འདུག གལ་ཆེན་པོ་ཡིན་པ་ནང་བཞིན་དེ་རིང་རྣམ་པ་ཚོའི་གྲོས་གཞིར་བལྟ་བ་ཡིན་ན། གྲོས་གཞི་དོན་ཚན་བཅོ་བརྒྱད་ཙམ་འདུག གྲོས་གཞི་དེ་དག་ཚང་མ་ལོགས་གཅིག་ལས་གཅིག་གལ་ཆེ་བ་ཤ་སྟག་མཐོང་གི་འདུག དེའི་ནང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཡོལ་དུ་མེད་པའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་བགྲོ་གླེང་གནང་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། ང་ཚོ་བོད་པ་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་དོན་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དང་བཅས་པ་རྟོགས་པའི་ཐོག་ནས་འཛམ་བུ་གླིང་འདིའི་མི་རིགས་གཞན་ལ་ཤེས་པ་ཞིག་བཟོ་ཐུབ་དགོས་པ་དེ་ང་ཚོའི་ལས་འགན་ཞིག་ཆགས་ཀྱི་ཡོད། གནས་ཚུལ་གོ་ཡག་ལ་བྱས་པ་ཡིན་ན། དེའི་ཐོག་ལ་མཐོ་རིམ་སློབ་གྲྭ་མང་དག་ཅིག་གི་ནང་འགྲེལ་བཤད་གནང་རྒྱུའི་ལས་འཆར་ཞིག་བརྩམས་ཡོད་ས་རེད། རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཡག་པོ་ཞེ་དྲག་རེད། དེ་འདྲ་ཡིན་ཙང་ང་ཚོ་འདིར་ཡོད་མཁན་ཙམ་མ་ཡིན་པར། སློབ་སྦྱོང་གནང་མཁན་ཚོ་ཚང་མས་དེ་ཚོའི་ཐོག་ལ་གཏིང་ཟབ་པོའི་སློབ་སྦྱོང་གནང་དགོས་པ་དང་། སློབ་སྦྱོང་གནང་ཚར་བའི་རྗེས་ལ་གཞན་ལ་བརྒྱུད་བསྒྲགས་གནང་དགོས་པ་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

དེ་སྔ་ང་ཚོ་སློབ་གྲྭ་འགྲིམས་པའི་སྐབས་ལ་མ་འོངས་བོད་ཀྱི་སོན་རྩ་ཞེས་བཤད་ཀྱི་ཡོད་རེད། ད་ལྟའི་ཆར་མ་འོངས་བོད་ཀྱི་སོན་རྩ་དེ་རྣམ་པ་ཚོ་ཆགས་བསྡད་ཀྱི་ཡོད་རེད། མ་འོངས་པའི་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དེ་གང་འདྲ་ཞིག་ལ་འཇོག་དགོས་མིན། མ་འོངས་པའི་ང་ཚོའི་མི་རབས་གང་འདྲ་ཞིག་ཆགས་འགྲོ་གི་རེད་དང་མ་རེད། དེ་རྣམ་པ་ཚོའི་ཕྱག་ལ་ཡོད་རེད། དེ་འདྲ་ཡིན་ཙང་མ་འོངས་པར་བོད་པ་ཚང་མ་ལོགས་ཤེས་ཡོན་དང་ལྡན་པ་ཞིག་བཟོ་དགོས་ཀྱི་ཡོོད་ན། ད་ལྟ་རྣམ་པ་ཚོས་ཤེས་ཡོན་འདྲ་མིན་ཐོག་ལ་སློབ་སྦྱོང་གནང་རྒྱུ་དང་། མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་ལ་ལས་དོན་གང་འདྲ་ཞིག་ཡིན་ནའང་མི་གཡར་མི་དགོས་པ་ཞིག་དང་། མི་གླ་བསྒྲིག་མ་དགོས་པར་ཚང་མ་བོད་པ་རང་གིས་བྱེད་ཐུབ་པ་ཞིག་དགོས། དེ་ནི་རང་སྲིད་རང་སྐྱོང་ངོ་མ་ཆགས་འགྲོ་གི་རེད་མ་གཏོགས་པས། དེའི་སྐབས་ལ་གནམ་གྲུ་ཞིག་གཏང་དགོས་བྱུང་ནའང་མི་གླ་བསྒྲིག་དགོས་པ་དང་། དེ་བཞིན་གནམ་གྲུ་ཞིག་བཟོ་དགོས་བྱུང་ན་མི་གླ་བསྒྲིག་དགོས་པ་ལ་སོགས་པ་དེ་འདྲ་ཆགས་པ་ཡིན་ན་འགྲིག་གི་ཡོད་མ་རེད། དེ་འདྲ་ཡིན་ཙང་ད་ལྟ་ང་ཚོར་གོ་སྐབས་ཡོད་པའི་སྐབས་ལ་གནད་དོན་ཚང་མའི་ཐོག་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ཡང་ད་ལྟའི་མི་ཚེ་བསྐྱལ་རྒྱུ་གཅིག་པུའི་ཐོག་ལ་བསམ་བློ་མ་ཡིན་པར། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ངས་ག་རེ་བྱེད་ཐུབ་ཀྱི་རེད། ངས་ག་རེ་འཇོན་གྱི་རེད། ངས་ག་རེ་བྱེད་དགོས་ཀྱི་རེད་ལ་སོགས་པ་དེ་ཚོའི་ཐོག་ལ་དགོངས་བཞེས་གནང་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག

༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་དཔེར་ན་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་ཐོག་ལ་ཆ་བཞག་ན། འཛམ་གླིང་འདི་གང་འདྲ་ཞིག་བཟོ་དང་མི་བཟོ་འདིར་གནས་པའི་མི་ལ་རག་ལུས་ཀྱི་ཡོད་རེད། སྡུག་པོ་ཞིག་བཟོས་ནའང་མིས་བཟོས་ཀྱི་ཡོད་རེད། ཡག་པོ་ཞིག་བཟོས་ནའང་མིས་བཟོས་ཀྱི་ཡོད་རེད། འཇིག་རྟེན་འདི་སྐྱིད་དུ་འཇུག་རྒྱུ་ཡིན་ནའང་རེད། སྡུག་ཏུ་འཇུག་རྒྱུ་ཡིན་ནའང་ཚང་མ་མིས་བཟོས་ཀྱི་ཡོད་དུས། མི་ཚང་མ་ལོགས་ཡ་རབས་བཟང་སྤྱོད་དང་ལྡན་པ་ཚད་ལྡན་ཞིག་ཆགས་ཐུབ་པ་ཡིན་ན། འཛམ་གླིང་འདིའི་སྟེང་གནས་མཁན་སྲོག་ཆགས་འབུ་སྲིན་དང་བཅས་པ་ཚང་མར་བདེ་སྐྱིད་བསྐྲུན་ཐུབ། ད་ལྟ་ང་ཚོ་མིའི་བྱེད་བབ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་སྲོག་ཆགས་མང་པོ་ཞིག་ལ་འཚེ་བ་ཡོང་བསྡད་ཀྱི་ཡོད། དེ་འདྲ་ཡིན་ཙང་མི་བཟང་སྤྱོད་ཡ་རབས་དང་ལྡན་པ་གཅིག་དང་། ཚུལ་དང་ལྡན་པ་ཞིག་ཡོད་ན། དེའི་ཞོར་ལ་སེམས་ཅན་གཞན་ལའང་རང་བཞིན་གྱི་བདེ་སྐྱིད་ཡོང་བསྡད་རྒྱུ་ཞིག་ཆགས་འགྲོ་གི་རེད།

དེ་བཞིན་ཆོས་ལུགས་མཐུན་འབྲེལ་ལ་ཆ་བཞག་ན། ད་ལྟ་ཆོས་ལུགས་འདྲ་མིིན་སྣ་ཚོགས་ལ་བརྟེན་ནས་རྩོད་རྙོག་མང་པོ་ཞིག་ཡོང་བསྡད་ཀྱི་འདུག དེ་ཚོའི་གྲས་ག་རེ་བྱས་ནས་ཡོང་གི་ཡོད་རེད། སྤྱིར་དེ་འདྲ་ཡོང་རྒྱུའི་གཞི་རྩ་ཡོད་མ་རེད། གང་བྱས་ཚང་མ་ལོགས་མཐུན་པ་ཞིག་བཟོས་པ་ཡིན་ན་དེ་འདྲ་བའི་རྩོད་རྙོག་ཡོང་གི་མ་རེད། ང་ཚོ་བོད་པར་ཆ་མཚོན་ན། བོད་རང་བཙན་ཡོད་པའི་སྐབས་ལ་གནས་བབ་གང་འདྲ་ཞིག་ཡོད་རེད། ཆོས་ལུགས་ཕན་ཚུན་ཟེར་ནའང་རེད། ཆོས་བརྒྱུད་ཕན་ཚུན་ཐོག་ལ་གང་འདྲ་ཞིག་ཡོད་རེད། ཆོས་བརྒྱུད་ནང་ཁུལ་ལའང་གང་འདྲ་ཞིག་ཡོད་རེད། ད་ལྟ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཐུགས་གཤིན་པོ་གང་འདྲ་ཞིག་ཆགས་འདུག དེ་མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བཞག་པ་ཞིག་རེད། དེའི་ལེའུ་དེ་མུ་མཐུད་ནས་གནས་དགོས་པ་ཞིག་དང་། མ་འོངས་པར་དེ་འདྲའི་ཐོག་ལ་རྩོད་རྙོག་མ་ཡོང་བ་ཞིག་བཟོ་དགོས་པ་ཞེ་དྲག་གལ་ཆེན་པོ་རེད།

དེ་ནང་བཞིན་ང་ཚོ་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་སོགས་པ་དང་། དེའི་ནང་ནས་སྐད་དང་། ཡི་གེར་ཆ་བཞག་ན། ང་ཚོ་བོད་པ་ཡིན་ཕྱིན་ཆད་ལ་བོད་སྐད་དང་། བོད་ཡིག་མ་ཤེས་ན་ངོ་ཚ་དགོས་པ་ཞིག་རེད་ཅེས་ངས་མང་པོ་ཤོད་ཀྱི་ཡོད། བོད་པས་བོད་སྐད་མ་ཤེས་ན། རྒྱ་མིན་བོད་མིན་གང་ཡིན་མ་ཤེས་པ། རྒྱ་གར་ཡང་མ་ཡིན་མཁན། བོད་པའང་མ་ཡིན་མཁན། ག་པར་ལའང་མ་ཚུད་པའི་ཉེན་ཁ་ཡོད་རེད། བོད་པ་གང་ཡང་རུང་བ་ཞིག་གིས་བོད་ཡིག་དང་། བོད་སྐད་ཡག་པོ་ཡོད་པའི་ཐོག་འཛམ་གླིང་འདིའི་སྐད་ཡིག་གཞན་ག་ཚོད་ཤེས་ནའང་དཔལ་དང་རྒྱན་རེད་ལ། ང་ཚོས་ཤེས་དགོས་ཀྱི་རེད། འོན་ཀྱང་རང་གི་སྐད་ཡིག་དེ་དང་པོར་འཇོག་དགོས། དེ་ནས་ཡུལ་སྐད་གཞན་དང་གཞན་གྱི་ཐོག་འཇུག་དགོས་རེད། དེ་གཅིག་ཞུ་རྒྱུ་ཡིན།

ན་ནིང་ངས་གཅིག་ཞུས་པ་ཡིན། རྣམ་པ་ཚོ། ལྷག་པར་དུ་རྒྱ་གར་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་སློབ་ཕྲུག་ཁྱེད་ཚོ་ང་ཚོ་བོད་པའི་སྐུ་ཚབ་རེད། བྱས་ཙང་སོ་སོའི་མཐོ་སློབ་ནང་བོད་པའི་རྩ་དོན་ཆེད་དུ་ད་ལྟའི་བོད་ནང་གི་གནས་བབ་དང་། བོད་ནང་ཡོད་པའི་བོད་མི་ཚོས་དཀའ་སྡུག་གང་འདྲ་ཞིག་གི་འོག་གནས་བསྡད་ཡོད་པ། དེ་འདྲའི་དཀའ་ངལ་ལས་གྲོལ་ཐབས་ཆེད་དུ་ང་ཚོས་ཐབས་ལམ་གང་འདྲ་ཞིག་བཙལ་གྱི་ཡོད་པ་ལ་སོགས་པ་གཞན་ལ་འགྲེལ་བརྗོད་གནང་རྒྱུ་རྣམ་པ་ཚོའི་ཐུགས་འགན་ཆགས་བསྡད་ཀྱི་ཡོད། དེ་ཚོའི་གྲས་ཚོགས་འདུ་འཚོགས་ནས་གནང་དགོས་པ་ཞིག་མ་རེད། ཁྱེད་རང་ཚོ་ནམ་རྒྱུན་མཐོ་སློབ་ཀྱི་ཉལ་ཁང་ནང་ཡིན་ནའང་རེད། ཞལ་ལག་དང་གསོལ་ཇ་མཆོད་པའི་སྐབས་ལ་ཡིན་ནའང་རེད། ཞར་དང་ཞོར་ལ་ཅི་འཕྲོས་མོལ་འཕྲོས་ཀྱི་བཀའ་མོལ་གནང་བའི་སྐབས་ལ་དེ་ཚོའི་གྲས་ཕར་འགྲེལ་བཤད་བསྐྱོན་ཐུབ་པ་ཡིན་ན་ཕན་ཐོགས་ཐུབ་ཀྱི་ཡོད་རེད།  ཁྱེད་རང་ཚོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་ལྟར་ཁྱེད་ཚོའི་མཉམ་དུ་སློབ་གྲྭ་འགྲིམ་མཁན་རྣམས་མ་འོངས་པ་རྒྱལ་ཁབ་དེ་དང་དེའི་སོན་རྩ་ཆགས་བསྡད་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་ད་ལྟ་ནས་ཁོང་ཚོའི་ཁོག་པའི་ནང་ང་ཚོའི་གནས་བབ་དེ་བླུག་ཐུབ་པ་ཡིན་ན། མ་འོངས་པ་ཁོ་ཚོ་སོ་སོའི་རྒྱལ་ཁབ་ཀྱི་དཔོན་པོ་སོགས་ཆགས་པའི་སྐབས་རང་བཞིན་གྱི་བོད་པ་དང་ཉེ་པོ་ཆགས་ཐུབ་རྒྱུ་ཞིག་དང་། བོད་པའི་གནས་ཚུལ་དེ་ཕར་འགྲེལ་བརྗོད་བྱེད་མ་དགོས་པར། སྔོན་ནས་སློབ་སྦྱོང་གནང་བའི་སྐབས་ནས་ཤེས་བསྡད་མཁན་ཞིག་ཆགས་རྒྱུའི་དགེ་མཚན་ཡོད།

ད་ལྟ་སྔོན་ལ་ཞུས་པ་ནང་བཞིན། དེ་རིང་ཚོགས་ཆེན་འདིའི་ཐོག་བརྗོད་གཞི་གལ་ཆེན་པོ་ཤ་སྟག་ཅིག་འདུག རྣམ་པ་ཚོས་དེ་དག་ཐོག་བགྲོ་གླེང་ཟབ་རྒྱས་དང་། གྲོས་ཆོད་ཀྱང་བཞག་ཡོད་ཀྱི་རེད། ན་ནིང་ངས་ཞུ་རྒྱུ་བྱུང་། ཁྱེད་རང་ཚོས་ཚོགས་འདུ་འཚོགས་ནས་གྲོས་ཆོད་གང་བཞག་པ་དེ་ཤེས་རིག་ལས་ཁུངས་ཀྱི་བྱེད་དགོས་ཀྱི་རེད། དེ་ནང་སྲིད་ལས་ཁུངས་ཀྱི་བྱེད་དགོས་ཀྱི་རེད་ཅེས་མ་ཡིན་པར། ང་ཚོས་ག་རེ་བྱེད་དགོས་ཀྱི་འདུག ང་ཚོས་ག་རེ་ཐུབ་པ་འདུག ང་ཚོས་མ་ཐུབ་པ་ཞིག་ཡིན་ན་གཞུང་གིས་ག་རེ་གནང་དགོས་ཀྱི་འདུག་ཅེས་ཞུས་པ་གཞིར་བཟུང་རྣམ་པ་ཚོས་འབྱུང་འགྱུར་དེ་ལྟར་གནང་གི་ཡིན་ཞེས་གསུངས་སོང་། ཡིན་ནའང་ད་ལོ་གྲོས་ཆོད་སྔོན་ལྟར་བསྣམས་ཕེབས་སོང་། སྐུ་ཚབ་གཉིས་ང་ཐུག་པར་ཕེབས་སོང་། བདུན་ཕྲག་གཅིག་གི་ནང་ལ་གྲོས་ཆོད་དེ་དག་ནང་ནས་གང་དང་གང་ལག་ལེན་བསྟར་ཡོད་པའི་ལན་འཁྱེར་ཤོག་ཅེས་གསུངས་སོང་། དེའི་ལན་དུ་ངས་ན་ནིང་ཁྱེད་རང་ཚོར་འདི་འདྲ་ཞིག་ཞུས་པ་ཡིན་ཞེས་བཤད་པ་ཡིན། ཡིན་ནའང་ལན་གཅིག་དགོས་ཀྱི་ཡོད་གསུངས་དུས། སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བ་ཡོད་པ་ག་རེ་འདུག དེ་ནི་ཤེས་རིག་དང་འབྲེལ་བ་འདུག དེ་ནི་ནང་སྲིད་དང་འབྲེལ་བ་འདུག དེ་ནི་དེ་དང་དེ་འབྲེལ་བ་འདུག ང་ཚོས་ལན་གང་འདྲ་བརྒྱབ་དགོས་རེད་ཅེས་ཞུ་རྒྱུ་བྱུང་། དོན་དག་ངོ་མ་ད་ལྟ་འདིར་བརྗོད་གཞི་གལ་ཆེན་པོ་དེ་ཚོའི་ཐོག་ལ་གྲོས་ཆོད་གང་དང་གང་བཞག་པའི་ཐོག་ཁྱེད་རང་ཚོ་སློབ་སྦྱོང་གནང་བའི་ཞོར་ལ་ག་རེ་གནང་ཐུབ་རྒྱུ་འདུག གནང་མ་ཐུབ་པ་དེ་རྗེས་མའི་ཚོགས་འདུའི་སྐབས་ལ་འབད་བརྩོན་གནང་ནས་མ་ཐུབ་པ་དེ་དང་དེ་བྱུང་སོང་། ཐུབ་རྒྱུར་ལམ་ཁ་དེ་འདྲ་ཞིག་དགོས་ཀྱི་འདུག་ཅེས་བཟོ་ཐུབ་པ་བྱུང་ན་ཐུགས་ཕན་གསོ་གི་རེད་བསམ་གྱི་འདུག

ད་རེས་ཚོགས་འདུ་འདིར་སེ་ར་བྱེས་ཀྱི་ཚོགས་ཁང་དང་། ཉལ་ཁང་ལ་སོགས་པ་གང་དང་གང་ཡོད་པ་མཐུན་འགྱུར་གནང་བར་བརྟེན་ནས་བྱུང་བཞག་པ་ཞིག་རེད། དེ་ཚོར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་འདྲ་བའི་མཐུན་འགྱུར་དང་། ཆ་རྐྱེན་བསྐྲུན་མཁན་ཞིག་མེད་པ་ཡིན་ན། ཚོགས་འདུ་འཚོགས་དགོས་བསམ་ནའང་འཚོགས་ཐུབ་ཀྱི་མ་རེད། གདན་ས་ཁག་ལ་ཚོགས་འདུ་འཚོགས་རྒྱུ་ན་ནིང་འབྲས་སྤུངས་བློ་གསལ་གླིང་གིས་གནང་བ་རེད། ད་ལོ་སེ་ར་བྱེས་ཀྱིས་གནང་གི་ཡོད་རེད། མ་འོངས་པ་སྨན་རི་གླིང་གིས་གནང་གི་ཡོད་རེད། དེ་ཚོའི་གྲས་གལ་ཆེན་པོ་ཞེ་དྲག་རེད་འདུག གལ་ཆེན་པོ་ཡིན་པ་དེ་མུ་མཐུད་ནས་མཇུག་སྐྱོང་དགོས་པ་དེ་གནད་འགག་ཆེན་པོ་ཞིག་མཐོང་གི་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་བསྡོམས་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཞུ་རྒྱུ། ཁྱེད་རང་ཚོས་གྲོས་ཆོད་གང་བཞག་པ་དེ་ལོ་རྗེས་མའི་ཚོགས་འདུ་འཚོགས་པའི་སྐབས་ཆ་ཚང་གྲུབ་ཡོད་ཅེས་ཟེར་རྒྱུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ཀྱིས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་བཞི་པའི་དུས་དེབ་ “སློབ་ཆེན་གྱི་རྨི་ལམ་དཀར་པོ།” ཞེས་པ་དབུ་འབྱེད་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་མཐོ་སློབ་ཁག་གི་རྩོམ་ཡིག་འགྲན་བསྡུར་ཕྱོགས་བསྡོམས་བརྒྱ་ཆ་རྩེར་སོན་རྣམས་ལ་ཕྱག་རྟགས་དང་། སེར་བྱེས་མཁས་སྙན་གྲྭ་ཚང་དང་མེ་སོར་གཙུག་ལག་སློབ་གཉེར་ཁང་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས། ཚོགས་བཅར་བ་རྣམས་ལ་ཕྱག་ཁྱེར་བཅས་གནང་ཡོད་པ་དང་། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་མཐོ་རིམ་སློབ་མའི་དཔྱད་རྩོམ་འགྲན་བསྡུར་ཆེན་མོའི་ཨང་རིམ་རྩེར་སོན་རྣམས་ལ་བྱ་དགའ་དང་། གོ་སྒྲིག་ཚོགས་ཆུང་དང་ཕྱག་རོགས་སོགས་ལ་ཕྱག་ཁྱེར་བཅས་གནང་ཡོད་འདུག་པ་དང་། དེ་བཞིན་མཛད་སྒོའི་ཐོག་སྤྱི་ཁྱབ་འབྲེལ་མཐུད་པ་དང་། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ། བཀའ་སྤྱི་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ་གནང་ཡོད་འདུག

གཞན་ཡང་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་། སེར་བྱེས་ཕྱག་མཛོད་ཆེན་མོའི་སྐུ་ཚབ་བཅས་ནས་གསུང་བཤད་དང་། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཞི་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སོགས་གནང་ཡོད་འདུག་པ་བཅས། །