དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡ ཉིན་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་མཛད་སྒོ་ཞིག་འཚོགས་གནང་ཡོད།

མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག གཞན་སྐུ་མགྲོན་དུ་དགོན་པའི་དབུ་འཛིན་ཀཿཐོག་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་དང་། ཉེ་འཁོར་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན། དེ་གའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བསྟན་འཛིན་ལྷ་སྐྱིད་ལགས། བཟོ་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཟབ་དབྱངས་ལགས། རང་ཚོགས་ཀྱི་ཚོགས་གཙོ་འཇམ་དབྱངས་ཆོས་འཕེལ་ལགས། དེ་བཞིན་ས་གནས་མི་མང་བརྒྱ་ཕྲག་འདུ་འཛོམས་གནང་ཡོད་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་མཛད་སྒོར་ཕེབས་པའི་གཞིས་ཆགས་ཀྱི་དགོན་པའི་དབུ་འཛིན་གཙོས་སྐྱབས་གནས་འཕགས་པའི་དགེ་འདུན་གྱི་སྡེ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག བཟོ་ཚོགས་ཀྱི་ཚོགས་གཙོ། གཞིས་ཆགས་འདི་དང་། ཉེ་འཁོར་གཞིས་ཆགས་ཁག་ནས་ཕེབས་པའི་ས་གནས་འགོ་འཛིན་རྣམ་པ། ས་གནས་མི་མང་བཅས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས། གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ་ལ་སོགས་བཙུགས་པར་བརྟེན་ནས་བོད་ཀྱི་རྩ་དོན་བརླག་མེད་པ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་བྱུུང་ཡོད་པ་ཆ་ཚང་མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ཡིན། དེ་དང་ཆབས་ཅིག་གཞིས་ཆགས་འདི་ཐོག་མར་བཙུགས་མཁན་དང་། ཕྱག་ལས་གནང་མཁན་འདས་གསོན་ཡོངས་ཀྱིས་སྐུ་ལས་བསྐྱོན་པར་བརྟེན་ནས་བྱུང་བ་ཞིག་ཡིན་དུས། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གཞིས་ཆགས་སྲ་བརྟན་གནས་ཐུབ་མིན་གཙོ་བོ་གཞིས་ཆགས་ནང་གི་མི་མང་ལ་རག་ལུས་ཀྱི་ཡོད་པ་མ་གཏོགས། ཁང་པ་རྐྱང་པས་གཞིས་ཆགས་སྲ་བརྟན་ཡོང་ཐབས་མེད། དེ་འདྲ་སོང་ཙང་། གོང་དུ་བཟོ་ཚོགས་ཀྱི་ཚོགས་གཙོས་གཞིས་ཆགས་ནང་མི་འབོར་མང་དུ་འགྲོ་གི་ཡོད་པ་གསུངས་སོང་། དེ་ཚོ་ཡག་པོ་རེད། དེ་སྔོན་ང་གཞིས་ཆགས་སུ་ཡོང་དུས་དགོན་པའི་ནང་བཙུན་ཆུང་ལྔ་ཙམ་དང་། རྒས་འཁོགས་ཁ་ཤས་མ་གཏོགས་མཐོང་རྒྱུ་མི་འདུག་ཀྱང་། ད་རེས་གཞིས་ཆགས་ནང་གྲྭ་རྒྱུན་དང་། མི་འབོར་མང་དུ་ཕྱིན་འདུག་པ་མ་ཟད། ཁང་པའི་གནས་བབ་ཀྱང་ཡག་ཏུ་ཕྱིན་འདུག དེ་ཚོ་ལེགས་པའི་ཆ་རེད།

ང་རང་ཚོ་བོད་པའི་མི་རིགས་གནས་དང་མི་གནས་ཟེར་བ་དེ་བོད་ཀྱི་སྐད་དང་། ཡི་གེར་རག་ལུས་ཡོད་སྟབས། དེའི་ཐོག་རྒན་པ་ཚོས་དོ་སྣང་གནང་དགོས་ཀྱི་ཡོད་པ་མ་ཟད། གཞོན་པ་ཚོས་ཀྱང་དོ་སྣང་བྱེད་དགོས་པའི་དུས་ལ་བབ་འདུག དེ་ལྟར་མ་བྱས་ཚེ་ནམ་ཞིག་བོད་པ་དེ་རྒྱ་མིན་བོད་མིན་ཆགས་རྒྱུའི་ཉེན་ཁ་ཡོད། ལྷག་པར་དུ་༧གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་བཀའ་སློབ་རིམ་པ་ཕེབས་ཡོད་རེད། དེ་ཚོའི་ཐོག་ལ་ང་ཚོ་བོད་པ་ཚོས་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཤེས་པའི་ཐོག་ནས་གཞན་ལ་བརྒྱུད་སྐུལ་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཡིན་པ་ཤེས་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད་འདུག དེ་བཞིན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་ལ་སོགས་པས་གཞིས་ཆགས་དེར་ཕྱག་ལས་གནང་མཁན་ཟུར་པ་དང་ལས་ཐོག་བཅས་ལ་ཕྱག་རྟགས་ཕུལ་གནང་ཡོད་འདུག

གཞན་ཡང་མཛད་སྒོའི་ཐོག་དེ་གའི་ས་གནས་འགོ་འཛིན་བསྟན་འཛིན་ལྷ་སྐྱིད་ལགས་ནས་ཕེབས་བསུའི་གསུང་བཤད་དང་། དགོན་པའི་དབུ་འཛིན་ཀཿཐོག་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་གིས་ཤར་རྒྱལ་བ་ཀཿཐོག་པའི་སྐོར་གསུང་བཤད། བཟོ་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཟབ་དབྱངས་ལགས་ཀྱིས་གཞིས་ཆགས་དབུ་འཛུགས་སྟངས་དང་རྒྱུན་སྐྱོང་སྟངས་བཅས་ཀྱི་སྐོར་གསུང་བཤད། དེ་བཞིན་དམིགས་བསལ་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད། གྲོང་གསེབ་དེའི་འགོ་དཔོན་གྱིས་གསུང་བཤད། རང་ཚོགས་ཚོགས་གཙོ་འཇམ་དབྱངས་ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་ཡོད་འདུག་པ་བཅས། །

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

Menu