དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ཐོག་མཉམ་ཞུགས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་སོགས་གནང་བ།

༄༅། །ལྷོ་ཨ་ཕི་རི་ཀའི་ཨིན་ཀ་ཐཱ་སྲིད་དོན་ཚོགས་པས་(Inkatha Freedom Party) ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་གནང་སྐབས་མགྲོན་འབོད་གནང་སྲོལ་ཡོད་པ་ལྟར། ད་ཐེངས་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ (State of the National Address (SONA)) 2020 ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་མགྲོན་འབོད་གནང་བ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༣ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་གྲོས་ཚོགས་ར་བའི་ནང་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་དང་། ཨིན་ཀ་ཐཱ་སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུར་པ་རྒྱལ་སྲས་བུ་ཐ་ལི་སི་ (Prince Buthelize) མཆོག ལས་ཐོག་ཚོགས་གཙོ་སྐུ་ཞབས་ཝི་ལིན་ཀོ་སི་ནི་ ཧཱ་བི་ས་ (Velenkosini Hlabisa) མཆོག་ལ་སོགས་པའི་གྲོས་ཚོགས་འཐུས་མི་དང་། ཚོགས་པ་དེ་དང་འབྲེལ་བ་ཡོད་པ་ཁག ཐེ་ཝན་གཞུང་ཚབ། འཇར་མན་སྤྱི་ཚོགས་རིང་ལུགས་སྲིད་དོན་ཚོགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཀོན་རཊ་མི་འཐུས་གཉིས་ལ་སོགས་པར་གསོལ་ཇ་བཞེས་ཏོག་འདེགས་གནང་དང་འབྲེལ།

ཨིན་ཀ་ཐའི་གྲོས་ཚོགས་ཀྱི་ཤོག་ཁག་འགན་འཛིན་སྐུ་ཞབས་ནཱ་རེནྡ་ སིངྒ་ (Narend Singh,Chief Whip of IFP) མཆོག་གིས་གསུང་དོན། དེ་རིང་འདིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཚོགས་གཙོ་མཆོག་མགྲོན་འབོད་ལྟར་ཕེབས་ཐུབ་པར་དགའ་བསུ་ཞུ་རྒྱུ་དང་། དེ་བཞིན་ཐེ་ཝན་གཞུང་ཚབ་ཀྱང་ང་ཚོས་མགྲོན་འབོད་ལྟར་ཕེབས་པར་དགའ་བསུ་ཡོད། ང་ཚོའི་ཚོགས་པ་དེ་བཞིན་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། རྒྱ་ནག་གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་ནས་ང་ཚོར་བོད་དང་ཐེ་ཝན་གྱི་སྐུ་ཚབ་མགྲོན་འབོད་བྱས་ན་འགྲིགས་མིན་གསུངས་སོང་ནའང་། ང་ཚོས་དེར་ཉན་འཇོག་བྱས་མེད། ཁྱེད་རང་གི་མགྲོན་པོར་སུ་སྐད་བཏང་ན་འགྲིགས་ཀྱི་ཡོད་པ་ལྟར། ང་ཚོས་ཀྱང་མགྲོན་པོར་སུ་སྐད་བཏང་མ་བཏང་ང་ཚོའི་རང་དབང་ཡིན་ཞེས་ཞུས་པ་ཡིན་སྐོར་སོགས་དགའ་བསུའི་གསུང་བཤད་གནང་ཡོད་འདུག་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་པ་དེའི་ཚོགས་གཙོ་ཟུར་པ་དང་ལས་ཐོག་སོ་སོར་ཕྱག་རྟགས་ཕུལ་གནང་བ་དང་། དེ་བཞིན་དེར་ཡོད་ཐེ་ཝན་གཞུང་ཚབ་དང་གྲོས་ཚོགས་འཐུས་མི་མི་རེ་ངོ་རེ་ཐུག་སྟེ་བཀའ་མོལ་ཞུས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་གཡས་གཡོན་དང་བར་འཁྱམས་བཅས་སུ་ཨིན་ཀ་ཐཱ་སྲིད་དོན་ཚོགས་པའི་གྲོས་ཚོགས་ཀྱི་ཤོག་ཁག་འགན་འཛིན་མཆོག་ནས་མཉམ་འཁྲིད་ཀྱིས་དེ་གའི་བློན་ཆེན་དང་ཚོགས་པ་གཞན་གྱི་གྲོས་ཚོགས་འཐུས་མི་བཅས་པ་ངོ་སྤྲོད་གནང་བར་ཚང་མས་ཁོང་ཚོའི་རྒྱལ་ཁབ་ཏུ་ཕེབས་པར་དགའ་བསུ་ཡོད་ཅེས་གསུངས་གནང་ཡོད་པ་དང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གྲོས་ཚོགས་ཀྱི་ཟུར་ཉན་ར་བའི་ནང་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་གནང་སྐབས་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ནས་ ༡༢།༡༥ བར་སི་ཀ་ལ་བྲི་ནི་ཚོགས་པ་དང་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Scalabrini and Africa Committee for Tibet) གཉིས་ནས་གོ་སྒྲིག་ཞུས་པའི་ “བོད་དེ་རྒྱ་ནག་གཞུང་ནས་ཁྲིམས་འགལ་གྱི་བཙན་བཟུང་བྱས་པའི་རྗེས་རྒྱ་གར་ནང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གནང་ཕྱོགས་” སྐོར་གྱི་བརྗོད་གཞིའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་ཞུས་གནང་ཡོད་ཅིང་། དེའི་སྐབས་ཚོགས་བཅར་བ་མི་གྲངས་ ༦༠ ལྷག་ཙམ་ཕེབས་ཡོད་པ་དང་། དེའི་ནང་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང་། སྤྱི་ཚོགས་ཞབས་ཞུ་བ། བོད་དོན་དོ་སྣང་ཅན། ཡུལ་དེར་སྐྱབས་བཅོལ་དུ་འབྱོར་བ་བཅས་ཕེབས་ཡོད་འདུག

དེ་རྗེས་དུས་ཚོད་སྔོན་བཟོས་ལྟར་ཡུལ་དེའི་མང་གཙོ་མཉམ་མཐུན་ཚོགས་པའི་གྲོས་ཚོགས་ཤོག་ཁག་གི་འགན་འཛིན་ལྕམ་སྐུ་ན་ཏཱ་ཤཱ་ མཱ་ཛོན་ (Mrs.Natasha Mazzone,Chief whip of Democratic Alliance) མཆོག་དང་ལྷན་སྐར་མ་ ༤༠ ཙམ་རིང་མཇལ་འཕྲད་གནང་ཞིང་། དེའི་སྐབས་བོད་ནང་གི་དཀའ་ངལ་དངོས་ཡོད་ཁག་ངོ་སྤྲོད་དང་འབྲེལ་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་དང་གསུང་བཤད་གནང་ཐུབ་ན་ཡག་པོ་ཡོད་གནས་དང་། དེ་བཞིན་ལྷོ་ཨ་ཕི་རི་ཀའི་ནང་སྲིད་དོན་ཚོགས་པ་འདྲ་མིན་ཡོད་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ན་དགའ་བསུ་ཡོད་གནས། ལྕམ་སྐུ་མཆོག་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་སྐུ་མགྲོན་དུ་གདན་ཞུ་འཆར་ལ་ཕེབས་ཐུབ་ན་དགའ་བསུ་ཡོད་པ་དང་། ཅི་སྟེ་ཁོང་རང་ཕེབས་མ་ཐུབ་ནའང་ཚོགས་པ་དེའི་གྲོས་ཚོགས་འཐུས་མི་རེ་ཟུང་གཏང་ཐུབ་ཚེ་དགའ་བསུ་ཞུ་རྒྱུ་ལ་སོགས་ཞུས་གནང་བ་དང་།

ལྕམ་སྐུ་ཁོང་གིས་ཁོང་ནི་༧རྒྱལ་བ་རིན་པོ་ཆེར་དད་མོས་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་དང་། དེ་སྔོན་དཔལ་ལྡན་སྲིད་སྐྱོང་མཆོག་ཡུལ་དེར་གདན་འདྲེན་ཞུས་སྐོར། གྲོས་ཚོགས་ནང་བོད་དོན་སྐོར་གསུང་བཤད་གནང་རྒྱུར་དཀའ་ངལ་མེེད་སྐོར། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུར་དཀའ་ངལ་མེད་ནའང་ཨིན་ཀ་ཐཱ་སྲིད་དོན་ཚོགས་པའི་གྲོས་ཚོགས་ཤོག་ཁག་གི་འགན་འཛིན་ལ་བཀའ་མོལ་ཞུ་རྒྱུ་ཡིན་པ། ལྕམ་སྐུ་ཁོང་གིས་རྗེ་བཙུན་སྒྲོལ་མའི་རགས་སྐུ་ཆུང་ངུ་ཞིག་སྟོན་གནང་སྟེ། ཁོང་ལ་ག་དུས་དཀའ་ངལ་འཕྲད་ནའང་དེ་མཇལ་སྐབས་དཀའ་སེལ་ཡོང་གི་ཡོད་སྐོར། དེ་རིང་དཔལ་ལྡན་ཚོགས་གཙོ་མཆོག་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། མ་འོངས་པར་རྡ་སར་ཕེབས་རྒྱུའི་འདུན་པ་ཆེན་པོ་ཡོད་པ་བཅས་གསུངས་གནང་འདུག

ཕྱི་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་བོད་དོན་རྒྱབ་སྐྱོར་བ་ལྕམ་ནི་ཀིའི་གཟིམ་ཁང་དུ་བོད་དོན་རྒྱབ་སྐྱོར་བ་ ༡༢ ཙམ་གྱི་ལྷན་དགོང་མོའི་གསོལ་ཚིགས་དང་འབྲེལ་བོད་དོན་སྐོར་གསུང་བཤད་མདོར་བསྡུས་དང་བཀའ་མོལ་ལྷུག་པོ་གནང་རྗེས། ཕྱི་ཚེས་ ༡༥ ཉིན་ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ཇོཧ་ན་ས་བྷག་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས། །

 

Menu