དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་པར་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and support Act 2019) ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་ པི་ལོ་སི་ (Nancy Pelosi) མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་འཁོད་དོན། ཨ་རིའི་གཞུང་མང་གཉིས་ནས་བོད་མི་དང་། བོད་ཀྱི་འཐབ་རྩོད་ཐོག་བློ་བརྟན་འགྱུར་མེད་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ཨ་རིའི་རྒྱལ་ཁབ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ངོ་བོ་སྲུང་སྐྱོབ་ཡོང་སླད་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་མཁན་གཙོ་བོ་ཞིག་ཡིན་པ་སྨོས་མེད་རེད། ད་བར་ཨ་རིའི་གྲོས་ཚོགས་སུ་བོད་ནང་གི་འགྲོ་བོ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། ཆོས་དད་རང་དབང་མེད་པའི་སྐོར། ལྷག་པར་དུ་རྒྱ་ནག་གཞུང་གིས་ཐེ་བྱུས་མེད་པར་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ཐོབ་ཐང་བཅས་ཀྱི་ཐོག་གྲོས་ཆོད་རིམ་པ་བཞག་གནང་ཡོད། དེ་མཚུངས་ཨ་རིར་བོད་མི་གནས་སྤོས་བྱེད་རྒྱུའི་ལས་གཞི་དང་། ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས།(U.S.Tibet Policy Act 2002) ཕྱི་ལོ་ ༢༠༡༨ ལོར་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་བཅས་གཏན་འབེབས་གནང་བ་དེས་བོད་ཀྱི་འཐབ་རྩོད་ཐོག་ལེགས་སྐྱེས་ཆེན་པོ་གནང་ཡོད།

ཨ་རིའི་གཞུང་ནས་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཐེངས་མང་གདན་ཞུས་སྣེ་ལེན་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་༧མགོན་པོ་གང་ཉིད་མཆོག་ལ་ཨ་རིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་ཨ་རིའི་གསེར་གྱི་རྟགས་མ་གནང་བ་བཅས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

ད་རེས་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པ་དེས་དྲང་བདེན་ལ་རྒྱལ་ཁ་ཐོབ་པ་ཞིག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་སྐྱོན་བརྗོད་བྱས་པར་མཚོན་ཡོད། དེ་ནི་བོད་མི་ཚོར་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན་པ་མ་ཟད། ད་རེས་ཀྱི་གནས་ཚུལ་དེས་བོད་ནང་ཡོད་པའི་སྨྲ་བརྗོད་རང་དབང་མེད་པའི་བོད་མི་ཚོའི་སེམས་ཀྱི་སྐད་ཆ་ཉན་ཐུབ་ཡོད་པ་དང་། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་སྡུག་བསྔལ་མྱོང་བཞིན་པའི་བོད་མི་ཚོར་རེ་བའི་བརྡ་ལན་ཤུགས་ཆེ་སྤྲད་གནང་ཡོད། དེ་བཞིན་ཨ་རིས་བོད་མིའི་སྒྲིག་འཛུགས་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས། བོད་ནང་ཆོས་དད་རང་དབང་། མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། བོད་མིའི་རང་དབང་སླར་གསོ་ཡོང་ཐབས་བཅས་ལ་རྒྱབ་སྐྱོར་མུ་མཐུད་ཡོད་པ་ར་སྤྲོད་གསལ་པོ་བྱུང་ཡོད། དེས་བོད་རིགས་རྣམས་ལ་མངོན་འདོད་བསྒྲུབ་རྒྱུར་རེ་བ་ཆེན་པོ་སྦྱིན་ཡོད། བྱས་ཙང་ང་ཚོས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལྕམ་སྐུ་ནེན་སི་ པི་ལོ་སི་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་དང་། ད་རེས་སླར་ཡང་ཨ་རིའི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཛ་དྲག་གནས་སྟངས་དང་། ཆོས་དད་རང་དབང་གྱི་ཐོབ་ཐང་དང་ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ཐོབ་ཐང་དེ་བཞིན་བོད་མི་ཁོ་ནར་ཡོད་པ་སོགས་གསུངས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་ མེག་གྷོ་ཝན་ (Jim McGovern) མཆོག་དང་། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁེ་རེཡ་ས་ སི་མི་ཐི་ (Chris Smith) མཆོག  གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་ (Ted Yoho) མཆོག་བཅས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེའི་ཐོག་རྒྱབ་སྐྱོར་གྱིས་གཏམ་བཤད་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཨ་རིའི་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་ཨ་རི་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་འབྲེལ་ལམ་ལས་གལ་ཆེར་བརྩིས་པ་དེས་བོད་མི་ཡོངས་དང་། འཛམ་གླིང་མི་མང་ནས་ཨ་རིའི་རྒྱལ་ཁབ་ལ་དེ་བས་གུས་བརྩི་དང་ཡིད་ཆེས་ཆེ་བ་ཐོབ་ཡོད། ང་ཚོའི་རེ་བར་ད་ལྟའི་ཁྲིམས་འཆར་དེར་འབྱུང་འགྱུར་ཨ་རིའི་གྲོས་ཚོགས་གོང་མས་རྒྱབ་སྐྱོར་དང་། སྲིད་འཛིན་གྱི་མཚན་རྟགས་འགོད་རྒྱུ་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་ནས་བོད་དོན་ཐོག་ལོ་རྒྱུས་ལྡན་པའི་ཁྲིམས་ཤིག་བཟོ་ཐུབ་པའི་རེ་བ་དང་། དེ་བཞིན་ཁྲིམས་སུ་གཏན་འབེབས་གནང་བའི་རྗེས། ལག་ལེན་ཚུལ་བཞིན་གནང་ཐུབ་པའི་རེ་བ་ཡང་ཞུ་གི་ཡོད། ངས་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམ་པས་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག

མཚམས་འཕྲིན། འདིར་གཟིགས་དང་།

 

Menu