དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་གསར་པར་འཚམས་འདྲི་ཞུས་པ།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན་སྐུ་ཞབས་ར་ཇིབ་བྷིན་ཌལ་མཆོག་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་སྐབས་ཀྱི་པར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ར་ཇིབ་བྷིན་ཌལ་ (Dr.Rajeev Bindal) མཆོག་ཧི་མཱ་ཅལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོར་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། ང་ཚོས་སྐུ་ཞབས་ཁྱེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ པའི་ནང་སྣེ་ལེན་ཞུ་རྒྱུས་གཙོས་པའི་དེ་སྔོན་ཐེངས་ཁ་ཤས་སྣེ་ལེན་ཞུ་ཐུབ་པ་བྱུང་བ་དང་།  དེ་བཞིན་ཁྱེད་རང་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་བའི་སྐབས་ཁྱེད་ཀྱིས་རྡ་སའི་ཉེ་འཁྲིས་ཊ་པུ་ཝན་ཁུལ་དུ་ཆགས་པའི་མངའ་སྡེའི་དགུན་ཁའི་གྲོས་ཚོགས་སུ་ཁྱེད་རང་དང་། སྤྱི་ཁྱབ་བློན་ཆེན་མཆོག བློན་ཆེན་གཞན། གྲོས་ཚོགས་འཐུས་མི་བཅས་ལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུ་རྒྱུའི་གོ་སྐབས་གནང་བ་ནི་བཀའ་དྲིན་ཆེན་པོ་ཡིན། ང་ཚོས་ཁྱེད་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བ་རྟག་ཏུ་དྲན་བཞིན་ཡོད།

སྐུ་ཞབས་ཁྱེད་ནི་བོད་ཀྱི་འཐབ་རྩོད་སྐོར་གོ་རྟོགས་ཡག་པོ་ཡོད་པ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། བོད་ཀྱི་གྲོགས་པོ་བློ་དཀར་ཞིག་རེད། ང་ཚོས་ཁྱེད་ཀྱི་འགོ་འཁྲིད་འོག ཁྱེད་དང་ཁྱེད་ཀྱི་སྲིད་དོན་ཚོགས་པས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པས། འབྱུང་འགྱུར་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་ནི་ང་ཚོའི་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། ལེགས་སྐྱེས་ཆེན་པོ་ཞིག་འབུལ་བ་ཆགས་ཀྱི་ཡོད།

༧གོང་ས་མཆོག་གི་དགོངས་གཞི་ལྟར། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད། དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། ཁྱེད་ཀྱི་སྲིད་དོན་ཚོགས་པས་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།

ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཧི་མཱ་ཅལ་མངའ་གཞུང་མི་མང་དང་བཅས་པས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཧི་མཱ་ཅལ་མངའ་སྡེ་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། དེ་བཞིན་མངའ་སྡེའི་ནང་བོད་མིའི་གཞིས་ཆགས་མང་པོ་ཡོད། ང་ཚོས་ཁྱེད་རྣམས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

སླར་ཡང་ངས་ཁྱེད་ཀྱིས་ཚོགས་གཙོ་གནང་བའི་རིང་ཁྱེད་དང་། ཁྱེད་ཀྱི་སྲིད་དོན་ཚོགས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །

གསུང་འཕྲིན། འདིར་སྣོན་དང་།

 

Menu