དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོའི་གསུང་བཤད།

༄༅། །དེ་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་ཕྱི་ལོ་ ༢༠༡༩ ཐོག་ཆིབས་བསྒྱུར་བསྐྱངས་པའི་མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་ལས་ཟུར་རྣམ་པ་དང་། ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ། གཞུང་ཞབས་སྲི་ཞུ་བ་དྲུང་ཆེ་དང་དྲུང་འཕར་རྣམ་པ། སྲི་ཞུ་ལས་བྱེད་སྡེ་ཚན་གཞན་ཁག་གི་སྐུ་ཚབ། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འཐུས་མི་ཚོགས་འདུའི་སྐུ་ཚབ་དང་། ས་གནས་འགོ་འཛིན་རྣམ་པ། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་སྐུ་ཚབ་རྣམ་པ། ས་འཐུས་མེད་པའི་ས་གནས་ཀྱི་སྐུ་ཚབ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པའི་སྐུ་ཚབ་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཕེབས་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགསཞུ་རྒྱུ་ཡིན།

དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་འདི་བསྡུ་བསྐོང་དགོས་དོན་གཙོ་བོ་ནི་བརྗོད་གཞི་དོན་ཚན་གཉིས་ཏེ། ༡༽ བོད་མིའི་སྒྲིགས་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་དང། ༢། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར་བཅས་གཉིས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུའི་ཆེད་བསྡུ་བསྐོང་གནང་བ་ཞིག་རེད། བོད་མིའི་སྒྲིགས་འཛུགས་འཛིན་སྐྱོང་བཀའ་ཤག་ནས་ཐུགས་འགན་བཞེས་ཏེ་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་ལས་འཆར་འོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ནང་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་མདུན་ལམ་གཏན་འབེབས་གནང་ཕྱོགས་ཀྱི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་རྡ་ས་ཁུལ་དུ་བསྐོང་ཚོགས་གནང་ཡོད་པ་དང། དེའི་རྗེས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༨ པའི་ནང་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ། འབྱུང་འགྱུར་མདུན་ལམ་བྱུས་འགོད་ཞེས་པ་ཞིག་འཚོགས་གནང་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་༩ པའི་ནང་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་སུ་ཕྱི་ནང་གི་མཁས་དབང་དང་ཁྱད་མཁས་མི་སྣ། སློབ་སྟོན་པ། རོགས་ཚོགས་ཀྱི་སྐུ་ཚབ། སྤྱི་ཚོགས་ཀྱི་འཐུས་མི། བོད་ཀྱི་གྲོགས་པོ་སོགས་དོན་གཉེར་ཅན་ཀྱི་མི་སྣ་ཁག་གང་མང་ལས་གྲུབ་པའི་གལ་ཆེའི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། ཚོགས་འདུ་དེའི་བརྗོད་གཞིར་ཆོས་རིགས་སྲ་བརྟན། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་སྲ་བརྟན། བོད་མིའི་ཤེས་ཡོན་གོང་སྤེལ། བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྲ་བརྟན་བཅས་ཡིན། ཉེ་ཆར་ཕྱི་ལོ་ ༢༠༡༩ ཟླ་ ༨ པའི་ཚེས་ ༡༦༌༌༡༩ བར་སླར་ཡང་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ་བྱུས་འགོད་ཞེས་པའི་ཚོགས་འདུ་གཉིས་པ་ཞིག་འཚོགས་གནང་ཡོད། མདོ་དོན་བཀའ་ཤག་ནས་ད་བར་བོད་མིའི་ལྔ་དང་ལྔ་བཅུའི་འཆར་སྣང་ལས་འཆར་དང་འབྲེལ་བར་ཚོགས་འདུ་སྔ་རྗེས་ཐེངས་བཞི་བསྡུ་བསྐོང་གནང་ཡོད། འཛིན་སྐྱོང་བཀའ་ཤག་ནས་ཚོགས་འདུ་སོ་སོར་བརྗོད་གཞི་གཏན་འབེབས་ཡོད་པ་སོ་སོའི་ཐོག་ཚོགས་བཅར་བ་རྣམ་པའི་རྒྱབ་གཉེར་བསམ་འཆར་གང་བྱུང་བ་རྣམས་ཕྱོགས་བསྒྲིགས་གནང་ཡོད་པ་དེ་ཚོ་ཁོང་རྣམ་པའི་དགོངས་ཚུལ་ཁག་ཅིག་རེད། ད་དུང་དེའི་ཐོག་ཚོགས་ཆེན་འདིའི་ཐོག་ས་གནས་སོ་སོ་ནས་ཕེབས་པའི་སྐུ་ཚབ་རྣམ་པ་བརྒྱུད་ཁྱབ་ཁོངས་རྒྱ་ཆེའི་བོད་མི་གཞི་རིམ་མང་ཚོགས་ཀྱི་དགོངས་འཆར་སླེབས་ཐུབ་དགོས་པ་དང་སྤུངས་དགོས་པ་ནི་གལ་ཆེའི་ནང་ནས་གལ་ཆེན་ཞིག་ཡིན། ས་གནས་ས་ཐོག་ཏུ་དངོས་སུ་ལག་བསྟར་བྱེད་མཁན་གཞི་རིམ་མང་ཚོགས་རྣམས་ཆགས་ཀྱི་ཡོད་སྟབས་བསམ་འཆར་ག་ཚོད་མང་བ་བྱུང་ཡང་ལེགས་པའི་རང་བཞིན་ཡིན།

དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་འདིའི་བརྗོད་གཞི་དང་པོ་ལྔ་དང་ལྔ་བཅུའི་འཆར་སྣང་གི་རྒྱབ་ལྗོངས་ཞིབ་འགྲེལ་ཡིག་ཆ་གང་ཡོད་པ་རྣམས་མང་ཚོགས་ནས་གསལ་པོ་ཤེས་རྟོགས་སླད་མང་ཚོགས་ཀྱི་དགོས་འདུན་ལྟར་སྔོན་ཚུད་འགྲེམས་སྤེལ་ཡོང་བའི་འཛིན་སྐྱོང་བཀའ་ཤག་ལ་སྙན་གསན་ཞུས་དོན་ལྟར་བཀའ་བློན་རྣམ་པ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ས་གནས་མང་ཚོགས་ལ་ལྔ་དང་ལྔ་བཅུའི་གོ་རྟོགས་སྤེལ་དང་སྤེལ་མུས་ཡིན་པ་དང་། ད་བར་གྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་འཚོགས་པ་སོ་སོའི་ཡིག་ཆ་ཁག་འཛིན་སྐྱོང་འབྲེལ་ལས་ཁག་ནས་མང་ཚོགས་ལ་འགྲེམས་སྤེལ་ཟིན་ཡོད་སྟབས། ཁུངས་སོ་སོའི་སེར་སྐྱ་མང་ཚོགས་ནས་ལྔ་དང་ལྔ་བཅུའི་གོ་དོན་ལེགས་རྟོགས་བྱུང་ཡོད་པ་དང་བསམ་འཆར་ཁག་རྣམས་ཀྱང་ཕྱོགས་བསྡོམས་ཀྱིས་ཚོགས་བཅར་འཐུས་མི་རྣམ་པ་ཚོས་མཉམ་བསྣམས་ཡོད་པ་རྣམས་ཚོགས་ཆུང་སོ་སོའི་ནང་ཡིག་ངག་གཉིས་ནས་ཆད་ལུས་མེད་པར་ཆ་ཚང་བ་ཞིག་ཞིབ་འགྲེལ་སྙན་གསན་ཞུ་དགོས་པ་ཡིན།

དེ་ནས་བརྗོད་གཞི་གཉིས་པ་ནི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་ཞེས་པ་འདི་ཡིན། སྔོན་གྱི་མདོ་ལུང་དུ་གང་གསལ་བའི་ཁོངས་ནས་ཆུ་ཐིགས་ཙམ་ཞིག་དགོངས་པའི་དཔྱད་གཞིའི་ཚུལ་དུ་ཞུས་ན། དེ་ཡང་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་གང་ཉིད་བསྐལ་པ་གྲངས་མེད་མང་པོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་སྨིན་སྦྱངས་གསུམ་མཛད་དེ་ཉོན་ཤེས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་བརྩད་ནས་ཕྱུང་སྟེ་རྒྱ་ཆེ་རྒྱུན་མི་ཆད་པའི་འཕྲིན་ལས་འཇིག་རྟེན་ཡོངས་ལ་ཁྱབ་པར་མཛད་པའི་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཡང་། གདུལ་བྱའི་ཁམས་མོས་བསམ་པ་དང་འཚམས་པ་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་ངང་ཚུལ་ནི་ཇི་སྐད་དུ། ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་པ་དེ་སྙེད་ཅིག རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་ཏེ། ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབད་པའི་རྟོགས་པ་མངའ་མ་ལགས། སོགས་གསུངས་པ་བཞིན་སྤྲུལ་པའི་ཟློས་གར་མཐའ་དག་ནི་བསམ་བརྗོད་ཀྱི་ཡུལ་ལས་འགོངས་ཤིང་། འོན་ཀྱང་ཐུན་མོང་གདུལ་བྱའི་སྣང་ངོར་འཕགས་ཡུལ་དུ་གསལ་བྱེད་སོ་དྲུག་བྱོན་ནས་འགྲོ་དོན་དཔག་མེད་བསྐྱངས་པ་སྤྱི་དང་། བྱེ་བྲག་ཏུ་རྒྱལ་དང་རྒྱལ་སྲས་གཞན་གྱི་གདུལ་བྱར་མ་གྱུར་པའི་བོད་གངས་ཅན་ལྗོངས་འདི་གདུལ་བྱར་བཞེས་པའི་ཚུལ་ནི། སྔོན་གྱི་དུས་སངས་རྒྱས་འོད་མའི་ཚལ་དུ་བཞུགས་པའི་ཚེ། ཞལ་འཛུམས་པར་མཛད་པའི་འོད་ཟེར་གྱིས་བོད་ཡུལ་བཀང་བ་ན། བྱང་སེམས་སྒྲིབ་སེལ་གྱིས་སངས་རྒྱས་འཛུམ་པར་མཛད་པའི་རྒྱུ་དང་རྐྱེན་གང་ཡིན་པའི་སྐོར་བཀའ་འདྲི་ཞུས་པར། སངས་རྒྱས་ཀྱིས་དུས་གསུམ་སངས་རྒྱས་ཀྱི་གདུལ་བྱར་མ་གྱུར་པའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བཀའ་དྲིན་ལས་དམ་པའི་ཆོས་ཀྱི་ཉི་མ་ཤར་བ་ལྟར་རྒྱས་པར་འགྱུར། དེ་ཡང་སངས་རྒྱས་གཞན་གྱིས་མ་ཐུལ་བར་སྤྱན་རས་གཟིགས་ཁོ་ནས་འདུལ་ཐུབ་པའི་རྒྱུ་མཚན་ནི། སྔོན་གྱི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་འཕགས་པ་སྤྱན་རས་གཟིགས་ཀྱིས། མཐའ་འཁོབ་གདུལ་དཀའི་སེམས་ཅན་དེ་དག་ཀུན། བདག་གིས་ཐར་པའི་ལམ་དུ་འདུལ་གྱུར་ཅིག།ཅེས་སོགས་དམ་བཅའ་མཛད་དོ། ཞེས་བཀའ་བསྩལ་པ་དང་། གཞན་ཡང་བཀའ་དམ་གླེག་བམ་ལས། ཇི་སྐད་དུ། མཁའ་འགྲོ་རྣམས་ཀྱི་རྡོ་རྗེའི་གླུར། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། རི་མཐོན་པོ་གནམ་གྱི་ཀ་བ་ཡོད། མཚོ་དམའ་པོ་གཡུ་ཡི་མཎྜལ་ཡོད། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། སོགས་ནས། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཐོགས་མར་མིའི་འགྲོ་བ་སྤེལ། བར་དུ་ཟང་ཟིང་གིས་བསྐྱངས་པ། མཐར་ཆོས་ཀྱི་སྨིན་པར་མཛད་པ་སྟེ། དེ་ཡང་རིགས་ཀྱི་ཕྱི་མོ་སྤྲེའུ་བྱང་ཆུབ་སེམས་པ། བོད་རྗེའི་ཐོག་མར་གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གཙོས་ལོ་པཎ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བོད་ཡུལ་མུན་པའི་གླིང་དུ་དམ་ཆོས་ཀྱི་སྣང་བ་དཀར་པོས་བོད་འབངས་རྣམས་འཕྲལ་ཡུན་ཕན་བདེའི་དཔལ་ལ་སྦྱོར་བར་མཛད།

དེ་ནས་རྗེ་ཙོང་ཁ་པའི་དངོས་སློབ་ཐམས་ཅད་མཁྱེན་པ་༸རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོ་མཆོག་ནི་བཀའ་དམ་གླེགས་བམ་ལས། སྤྱན་རས་གཟིགས་དབང་བཟང་པོར་སྤྲུལ། ཞེས་གསུངས་པ་ལྟར་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་ཏེ་སྐུ་ཕྲེང་བཞི་པ་བར་ཞྭ་སེར་རིང་ལུགས་གཙོ་བོར་གྱུར་པའི་རིང་ལུགས་ཡོངས་ལ་དག་སྣང་གིས་བསྟན་པ་གཙོ་བོར་འཛིན་ཅིང་བོད་སོག་ཡུལ་གྲུ་ཀུན་ལ་རྒྱལ་བསྟན་གསལ་བར་མཛད།

སྐབས་སུ་བབ་པ་༸སྐྱབས་མགོན་བཀའ་དྲིན་ཟླ་མེད་གང་ཉིད་ནི། འཇམ་དཔལ་རྩ་རྒྱུད་ལས། སྟོན་པའི་བསྟན་པ་ས་སྟེང་དུ། དུས་མཐར་འཇིག་ཅིང་ཉམས་པ་ན། སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། འབྱུང་བར་འགྱུར་བར་ཐེ་ཚོམ་མེད། ཅེས་གསུངས་པ་བཞིན། བོད་འབངས་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པ་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་ལྟར་ཆེས་ཉམ་ཐག་པའི་གནས་སྐབས་སུ། ༸གོང་ས་༸སྐྱབས་མགོན་ལྔ་པ་ཆེན་པོའི་གཞུང་དགའ་བ་བརྒྱ་ལྡན་པའི་ཆབ་སྲིད་གདུགས་དཀར་གྱི་གྲིབ་བསིལ་འོག་ཆབ་འབངས་བདེ་བར་བསྐྱངས་པ་ནས་བཟུང་བཀའ་དྲིན་ཟླ་མེད་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བར་བྱམས་གཟིགས་བཀའ་དྲིན་གཞལ་དུ་མེད་ཅིང། ཁྱད་པར་དུ་༸སྐྱབས་མགོན་ཐུགས་རྗེའི་གཏེར་ཆེན་གང་ཉིད་སྐུ་ཕྲེང་གོང་མ་རྣམས་ཀྱིས་ཐུགས་སྐྱེད་དམ་བཅའ་བཙན་པོས་བོད་ཁ་བ་ཅན་གྱི་སྣོད་བཅུད་སྤྱི་དང་ཆབ་སྲིད་ཀྱི་མཛད་པ་འཕྲོ་སྐྱོང་རྒྱུའི་དོན་དུ་བསམ་བཞིན་སྐུའི་སྲིད་པ་བཟུངས་ཏེ་༸རྒྱལ་བའི་གདན་ཁྲིར་རྩོད་མེད་དུ་བྱོན་ཏེ་ཆབ་སྲིད་སྣུམ་ཟད་མར་མེའི་ངང་ཚུལ་དུ་གྱུར་སྐབས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་གནང་ཡོད།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༣ ཆོས་ཚོགས་ཐེངས་ ༡༡ པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་ཕེབས་དགོངས་སུ། “དེ་ནས་དོན་ཚན་གཅིག་ལ་སྔོན་མ་ཕྱི་ལོ་ ༡༩༦༩ ལོར་ Dalai Lama Institute ཟེར་རྒྱུ་དེ་མུ་མཐུད་གནས་དགོས་དང་མི་དགོས་ཞེས་པ་དེ། དེའི་ཚེ་དེའི་དུས་འབྲེལ་ཡོད་མི་མང་ཚོས་ཐག་གཅོད་ཀྱི་རེད་ཅེས་སྔོན་མ་ངོས་ཀྱིས་བརྗོད་ཡོད། མ་འོངས་པར་ཐག་གཅོད་ཀྱི་རེད་ཟེར་བའི་སྤྱི་མ་སྤོམ་མ་ཡིན་པར་ལོ་ཚིགས་བཀོད་དེ། ངོས་རང་ལོ་དགུ་བཅུ་ཡས་མས་སམ་དགེ་འདུན་གྲུབ་པའི་དགུང་ལོའི་མཚམས་ལ་སླེབས་སྐབས་འབྲེལ་ཡོད་མི་ཚོར་གོ་བསྡུར་བྱེད་ཀྱི་ཡིན་ཟེར་བ་ཞིག་དང་། དེ་ནས་མཐའ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐག་གཅོད་ཀྱི་ཡིན་ཞེས་པའི་དོན་ཚན་དེ་གཉིས་གཙོ་བོ་ཡིན། ངོས་ཀྱི་ཡང་སྲིད་ངོས་ཀྱིས་ཐག་གཅོད་བྱེད་པ་ལས། གཞན་སུ་ལའང་ཐག་གཅོད་བྱེད་དབང་མེད།” ཞེས་དང་།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་ཆེན་པོ་མཆོག་ནས་ཡང་སྲིད་ངོས་འཛིན་སྐོར་གྱི་གསུང་འཕྲིན་གྱི་ནང་དུ། “འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱི་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན་”ཞེས་པ་དང་། གཞན་ཡང་གསུང་འཕྲིན་དེ་གའི་ནང་དུ། “ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང་། སྐུ་ཕྲེང་ ༡༥ པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང་། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན།”ཞེས་ཕེབས་ཡོད།

དེ་བཞིན་ཕྱི་ལོ་ ༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ནང་”ངས་དེ་སྔོན་ནས་ཐེངས་མང་ཤོད་མྱོང་བ་ལྟར། ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་ངེས་ཡིན།”ཞེས་བཀའ་སློབ་ཕེབས་གནང་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་ད་ལྟའི་ཆེད་གཉེར་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདིའི་ཐོག་མ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་གྱི་འགོ་སྟོད་ནས་བརྒྱུད་ཡོང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་པ་ཞིག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་”ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང་། བོད་མི་རིགས་དང་༸རྒྱལ་དབང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ”ཞེས་ཕེབས་ཡོད།

ད་རེས་རྒྱལ་ཡོངས་མི་མང་གི་ཚོགས་འདུ་ཆེན་མོ་འདི་ནས་ཀྱང་ཕྱི་ལོ་ ༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ཕེབས་པ་གོང་དུ་ལུང་འདྲེན་ཟིན་པའི་ནང་གསལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་ནི་མགོ་དང་འཇིངས་པ་བཞིན་བྲལ་ཐབས་ཡེ་ནས་མེད་པ་ཞིག་ཡིན་པས་ཏཱ་ལའི་བླ་མའི་སྐུ་ཕྲེང་ན་རིམ་གྱི་ལམ་སྲོལ་འདི་ང་ཚོ་བོད་ལྗོངས་མི་མང་ལ་མུ་མཐུད་གནས་དགོས་པ་ཞིག་ཡིན། དེས་ན་༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་སྐུ་དབང་ཡིན་པ་དང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ན་ལ་ཡོད་པ་ལས། གཞུང་དང་། སྒྲིག་འཛུགས། སྒེར་སོགས་སུ་ལའང་མེད་པ་ནི་ད་རིང་གོ་སྐབས་འདི་དང་བསྟུན་གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ཞུ་གི་ཡོད། དམིགས་བསལ་ཚོགས་ཆེན་ཐེངས་ ༣ པར་ཕེབས་པའི་ཚོགས་བཅར་བ་ཚང་མས་ཀྱང་བཅོས་མིན་བློ་སེམས་གཅིག་ཏུ་བསྒྲིམ་སྟེ་ཚོར་ཤུགས་ཆེན་པོས་ཐག་གཅོད་གཙང་མ་ཞིག་ཞུ་ཐུབ་པ་དགོས་རྒྱུར་ནན་བརྗོད་བྱ་རྒྱུ་ཡིན།

དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་གཏན་འབེབས་གཞིར་བཟུང་དབུ་འབྱེད་མཛད་སྒོ་གྲུབ་པའི་རྗེས་སུ་ཚོགས་ཆུང་ཆ་བགོས་ཞུས་ཡོད་པ་ལྟར་ཚོགས་ཆུང་སོ་སོའི་ནང་གཏན་འབེེབས་བརྗོད་གཞི་གཉིས་ཀྱི་རྒྱ་ལས་མི་བརྒལ་བའི་ཚོགས་ཆུང་སོ་སོའི་ཚོགས་གཙོས་སྟངས་འཛིན་ནན་པོ་གནང་དགོས་པ་དང་ཚོགས་ཆུང་གི་སྙན་ཐོ་དོན་ཚན་དུ་བྱས་ཏེ་ཁ་གསལ་འགོད་དགོས།

དེ་རིང་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་མཚམས་ནས་ཕྱི་ཚེས་ ༥ མཇུག་བསྡོམས་ཀྱི་མཛད་སྒོ་མ་གྲོལ་བར་གྱི་ཚོགས་ཆེན་གྱི་ལས་རིམ་ཞིབ་ཕྲ་ཤོག་བུ་གསེར་པོ་ཅན་ཞིག་སོ་སོའི་ཡིག་སྣོད་ནང་ཡོད་པ་དེའི་ནང་གསལ་ལྟར་ཚོགས་བཅར་བ་ཚང་མས་དུས་ཐོག་ཏུ་སོསོའི་ཚོགས་ཆུང་ནང་ཚོགས་བཅར་ཡོང་བ་ཞུ་རྒྱུ།

ཚོགས་བཅར་བ་རྣམས་ཚོགས་ཆུང་ ༡༠ ལ་ཆ་བགོས་ཡོད་པ་ལྟར་རང་ཉིད་ཚོགས་ཆུང་གང་གི་ཁོངས་ཡིན་པ་དང་། ཚོགས་ཆུང་ཚུགས་ཡུལ། ཚོགས་ཁང་བཅས་སོ་སོའི་ངོ་སྤྲོད་དཔུང་རྟགས་མིང་བྱང་གི་རྒྱབ་ཏུ་བཀོད་ཡོད་པ་ལྟར་ཡིན། ཚེས་ ༤ ཉིན་དགུང་གསོལ་ཚིགས་གྲུབ་རྗེས་ཚོགས་ཆུང་སོ་སོའི་ནང་བརྗོད་གཞི་གཉིས་ཀའི་ཐོག་བཀའ་བསྡུར་འཕྲོ་སྐྱོང་ཡོད་རིགས་གནང་སྟེ་ཕྱོགས་བསྡོམས་སྙན་ཐོ་གཏན་འབེབས་གནང་གྲུབ་མཚམས་ཕྱི་དྲོ་ཕྱག་ཚོད་ ༣།༥༠ སྟེང་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་ཀྱིས་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་རྒྱུ་དང་། ཚེས་ ༥ སྔ་དྲོ་ཚོུད་ ༡༠།༣༠ ཐོག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་ཚོགས་ཆུང་བཅུ་ཡི་ཚོགས་གཙོ། དྲུང་ཆེ་རྣམས་མཉམ་འཛོམས་སྙན་ཐོ་ཁག་ཕྱོགས་བསྡོམས་གནང་རྒྱུ་དང་། ཉིན་རྒྱབ་ཚོུད་ ༣།༣༠ ཐོག་ཚོགས་ཁང་ཆེན་མོའི་ནང་སླར་ཡང་འཛོམས་ཏེ་ཚོགས་ཆེན་གྱི་མཐའ་མའི་རྒྱབ་གཉེར་སྙན་ཐོ་ཚོགས་ཆེན་གྱི་གཙོ་སྐྱོང་མཆོག་ནས་རེ་རེ་བཞིན་སྙན་སྒྲོན་དང་འབྲེལ་གཏན་འབེབས་བྱ་རྒྱུ། དེ་རྗེས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་འཚོགས་རྒྱུ་སོགས་ཚོགས་བཅར་བ་མི་རེ་ངོ་རེེར་ལས་རིམ་སྔོན་ཕུལ་ལྟར་དུས་ཚོད་རྒྱས་བཅད་ནང་གྲུབ་ཟིན་པ་དགོས། ཚོགས་ཆུང་སོ་སོའི་ནང་གོ་བསྡུར་གནང་སྐབས་བརྗོད་གཞི་རང་གི་ཐོག་ཏུ་དགོངས་ཚུལ་གསུང་དགོས་པ་ལས། བརྗོད་དོན་ལ་མི་ཕན་པའི་གསུང་བབ་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་གནང་གལ། གཙོ་བོ་ཚོགས་བཅར་བ་རྣམས་ཡོང་ཁུངས་གང་ནས་ཡིན་པ་ས་གནས་སོ་སོའི་མང་ཚོགས་ཀྱི་དགོངས་འཆར་གང་ཡོད་པ་རྣམས་ཆད་ལུས་མེད་པར་ངེས་པར་ཁ་གསལ་སྤུངས་ཐུབ་རྒྱུའི་འགན་འཁུར་བཞེས་དགོས།

ད་ཐེངས་ཀྱི་ཚོགས་ཆེན་ཉིན་གསུམ་བོད་མིའི་སྒྲིག་འཛུགས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚུགས་གནང་རྒྱུ་དང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་རྩིས་ལོ་ ༢༠༡༩༌༌༢༠ ལོའི་ལོ་འཁོར་དངུལ་རྩིས་འགྲོ་གྲོན་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་སྒྲིག་དོན་བཞིན་འཛིན་སྐྱོང་ནས་གོ་སྒྲིག་གནང་རྒྱུ་གསལ་བ་ལྟར་ད་རེས་དམིགས་བསལ་ཚོགས་ཆེན་གྱི་འཆར་རྩིས་འགྲོ་སོང་ཡོངས་རྫོགས་གཞུང་གི་བང་མཛོད་ནས་ནར་གཏོང་བྱུང་ཡོད། དེང་སྐབས་རྡ་ས་བཞུགས་སྒར་དུ་ཕྱི་ནང་མི་སྣ་མང་པོ་འདུ་ཚོགས་ཀྱི་སྐབས་འཁེལ་བས་བཞུགས་མཚེར་ཐོབ་མ་ཐོབ་དབང་གིས་སྐུ་ངལ་འཕྲད་པ་བྱུང་རིགས་ལ་བཟོད་གསོལ་ཞུ་རྒྱུ་དང་། ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་ཚོགས་འདུ་ཉིན་གསུམ་གྱི་རིང་གང་ཐུབ་ཅི་ཐུབ་གྲ་སྒྲིག་མཐུན་འགྱུར་ཞུ་ཐབས་ཞུས་ཁུལ་ཡང་ཚང་མར་སྐུ་ངལ་མི་འཕྲད་པའི་རེ་བ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བསྐྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་དང་། དེ་འགྲུབ་ཐབས་སུ་ཚང་མས་བློ་གྲོས་སྩལ་བཏོན་གྱིས་ནུས་པ་མཉམ་སྤུངས་དགོས་པའི་གཞེན་སྐུལ་ཞུ་རྒྱུ་དང་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་འདི་དོན་ཕན་ལྡན་པ། མི་སྨོན་རང་སྐྱིད་ཡོང་བའི་རེ་བ་ཞུ་རྒྱུ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ལ།། །།

 

 

 

 

Menu