དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་ (IIC) དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་གཞུང་ (Ayush) ལྷན་ཁང་གི་དྲུང་ཆེ་ལས་འཕར་སྐུ་ཞབས་པྲ་མོཏ་ཀུ་མཱར་པ་ཐག་ (Pramod Kumar Pathak, Additional Secretary in Ministry of Ayush) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ཀྱི་གསོ་བ་རིག་པའི་ཚོགས་མི་སྐུ་ཞབས་པདྨ་འགྱུར་མེད་ལགས། ༸རྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་སོགས་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་མགྲོན་གཙོ་བོ་གཙོས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། གསུང་བཤད་གནང་དོན། དེ་རིང་བོད་ཀྱི་གསོ་བ་རིག་པའི་དུས་སྟོན་འགོ་འཛུགས་ཀྱི་ཡོད་པ་དང་། དེ་དང་འབྲེལ་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་གནང་གི་ཡོད་པ་རེད། གསོ་བ་རིག་པའི་ལྷན་ཚོགས་དང་ང་ཕྲན་བུའི་འབྲེལ་བ་ཡོད་པ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན། ད་ལྟ་ང་རང་ཚོས་ཕྱི་ལོ་ ༢༠༠༣ གསོ་བ་རིག་པའི་སྒྲིག་གཞི་ཞེས་པ་དེ་ཐོག་མར་ཟིན་བྲིས་བཏབ་མཁན་ང་རེད། ད་ལྟའི་སྨན་རྩིས་ཁང་གི་འགན་འཛིན་དེའི་སྐབས་ཀྱི་གཞུང་ཞབས་བྱས་ནས་སྨན་རྩིས་ཁང་གི་འགན་འཛིན་གནང་བསྡད་ཡོད་རེད། དེ་དུས་ཨ་མྱེས་རྨ་ཆེན་རིག་གཞུང་གཅེས་འཛིན་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ལ་དེ་འདྲ་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད། སྒྲིག་གཞིའི་ཟིན་བྲིས་ཤིག་བཟོ་རོགས་གསུངས་འདུག བཀྲ་ཤིས་ཚེ་རིང་ལགས་ཀྱིས་དེ་ང་ལ་བཟོ་རོགས་ལབ་སོང་། དེའི་སྐབས་ལ་ངས་ཟིན་བྲིས་ཤིག་བཏབ་པ་རེད། རྒྱབ་ལྗོངས་ཀྱི་གནས་ཚུལ་ཚུར་གསུངས་པ་རེད། དེ་གསུངས་པ་གཞིར་བཟུང་ངས་ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་ཐོག་ནས་གཅིག་བཟོས་པ་རེད། དེ་བཟོས་ནས་ཕུལ་ཚར་བའི་རྗེས་ལ་གྲོས་ཚོགས་ནང་སླེབས་པའི་སྐབས་ལ་ངས་ཟིན་བྲིས་བཏབ་པ་དེ་ཕྱེད་ཀའང་ལྷག་མི་འདུག ཟིན་བྲིས་བཏབ་མཁན་ང་ཡིན་ལ་གྲོས་ཚོགས་ནང་དེ་ཏག་ཏག་བསྡད་ཀྱི་མི་འདུག་ཟེར་ནས་བཀག་མཁན་ཡང་ང་ཡིན། དེ་བརྗེ་རྒྱུའི་ཆེད་དུ་ཚོགས་ཆུང་འཛུགས་དགོས་ཀྱི་འདུག་ཞུས་ནས་ཚོགས་ཆུང་ཐེངས་གཅིག་མ་ཟད་ཐེངས་གཉིས་ཙམ་བཙུགས་ཡོད་རེད། དེའི་སྐབས་ལ་ཨེམ་ཆི་རྣམ་པ་ཚོས་སྙན་ཞུ་འབུལ་མཁན་མང་པོ་བྱུང་བ་རེད། ཁ་ཤས་ཀྱི་འགྲིག་གི་འདུག་ཟེར་མཁན་དང་། ཁ་ཤས་ཀྱིས་འགྲིག་གི་མི་འདུག་གསུང་མཁན་ཡང་བྱུང་བ་རེད། མཐའ་མ་དེར་ང་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས་གཏན་འབེབས་གནང་ཐུབ་པ་རེད། སྒྲིག་གཞི་དེ་ཕྱི་ལོ་ ༢༠༠༣ ལོར་གཏན་འབེབས་གནང་བ་རེད།

དེའི་སྐབས་ལ་སྨན་པའི་ལྷན་ཚོགས་དང་། ད་ལྟ་གསོ་བ་རིག་པའི་ལྷན་ཚོགས་ཞེས་པ་དེ་རང་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་ཕྱི་ལོ་ ༢༠༠༤ ལོར་བཙུགས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་དང་། ད་ལྟ་ཡག་ཐག་ཆོད་འགྲོ་གི་ཡོད་པ་རེད། དེ་འདྲ་ཡིན་ཙང་འདིའི་དམིགས་ཡུལ་གང་རེད་ཅེས་ཞུས་པ་ཡིན་ན། ང་ཚོའི་བཅའ་ཁྲིམས་དོན་ཚན་ ༡༨ པ་འཕྲོད་བསྟེན་ཞེས་པའི་འོག་ནང་གསེས་གསུམ་ཡོད་པའི་ནང་ནས། བོད་སྨན་གྱི་སྨན་སྦྱོར་ལག་ལེན་བསྟར་ཕྱོགས་ཚད་ལྡན་ཡོངས་ཐབས་སུ་ཁྲིམས་ལུགས་ལྟར་ལྟ་རྟོག་སྟངས་འཛིན་བྱ་རྒྱུ། ཞེས་འཁོད་པ་གཞིར་བཟུང་དེ་འདྲ་ཞིག་དགོས་ཀྱི་ཡོད་རེད། ཁྲིམས་ལུགས་ལྟར་ཟེར་དུས་ཁྲིམས་ཤིག་བཟོ་དགོས་ཀྱི་ཡོད་པ་དང་། དགོས་པ་ནང་བཞིན་གཏན་འབེབས་ཀྱང་གྲུབ་པ་རེད། གསོ་བ་རིག་པའི་དམིགས་ཡུལ་དོན་ཚན་ལྔའི་ནང་ནས་མང་ཆེ་བ་གཅིག་འགྲོ་བསྡད་ཀྱི་ཡོད་རེད། དེའི་ནང་ནས་ཕྱིའི་རྒྱལ་ཁབ་ཁག་ལ་དེབ་བསྐྱེལ་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག སུད་སི་དེབ་བསྐྱེལ་ཡོད་ས་རེད། དེ་མ་ཡིན་པའི་རྒྱལ་ཁབ་གཞན་ལའང་དེ་ལྟར་ངོས་འཛིན་ཡོད་པ་གཅིག་བཟོ་དགོས་རྒྱུ་གལ་ཆེན་པོ་རེད།

དེ་ནས་མིའི་སྡུག་བསྔལ་འདྲ་པོ་དེ་སྐྱེ་རྒ་ན་འཆི་རེད། དེ་འདྲ་ཡིན་ཙང་ང་ཚོ་ན་བའི་སྡུག་བསྔལ་གསོ་ཐབས་སུ་གསོ་བ་རིག་པ་དེ་མེད་དུ་མི་རུང་བ་ཞིག་རེད། ང་རང་གི་ཚོར་སྣང་བྱས་པ་ཡིན་ན། ད་ལྟའི་ཆར་ང་རང་ཚོའི་གསོ་བ་རིག་པ་དེར་སློབ་གཉེར་གནང་མཁན་ཧི་མ་ལ་ཡའི་རི་རྒྱུད་ནས་ཆེད་དུ་གཉེར་ནས་སྒྲུག་པར་འགྲོ་མི་དགོས་པར། ང་རང་ཚོ་བོད་པ་རང་ནས་གསོ་བ་རིག་པའི་ཐོག་སློབ་སྦྱོང་གནང་མཁན་ཚང་ཁ་གཤིག་གཤིག་ཡོད་པ་དེ་གསོ་བ་རིག་པའི་མཛད་འཕྲིན་རྒྱས་པའི་དུས་ཚོད་གཅིག་རེད་བསམ་གྱི་འདུག དེ་འདྲ་ཞིག་མེད་པ་ཡིན་ན་དེ་ཙམ་ཚང་ཁ་ཞིག་ཡོང་དགོས་པ་ཆགས་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་མི་སྒེར་ཡིན་ནའང་རེད། སྤྱི་པ་ཡིན་ནའང་རེད། གང་བྱས་ཚང་མར་ཕན་ཐོགས་ཀྱི་ཡོད་པར་བརྟེན་ནས། འཛུལ་ཞུགས་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད། ད་དུང་དེ་ལས་རྒྱ་བསྐྱེད་བྱེད་རྒྱུ་ག་རེ་འདུག དེ་ལས་ལྷག་པ་བྱེད་རྒྱུ་ག་རེ་འདུག ད་ལྟའི་ཆར་ངའི་མཐོང་སྣང་ལ། སྨན་རྩིས་ཁང་ནང་སློབ་སྦྱོང་བྱ་འདོད་ཡོད་མཁན་སློབ་ཕྲུག་བརྒྱ་ཙམ་ཡིག་རྒྱུགས་ནང་ཞུགས་ན། མང་བ་དེ་ཡིག་ཚད་འཁྱོལ་བ་ཡིན་ནའང་ས་མིག་མེད་ནས་ལྷག་གི་ཡོད་པ་དེ་འདྲ་མཐོང་གི་འདུག དེ་འདྲ་ཡིན་ཙང་མ་འོངས་པར་ཡིག་ཚད་འཁྱོལ་བ་ཚང་མ་ཚུད་ཐུབ་རྒྱུའི་སྡིངས་ཆ་བསྐྲུན་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེ་ལ་གཞིགས་པའི་སྨན་པ་མང་པོ་དང་། རྒྱ་ཁྱབ་ཡོང་གི་རེད། དེ་གཅིག་བསམ་འཆར་གྱི་ཚུལ་དུ་ཞུ་གི་ཡོད།

བཅའ་ཁྲིམས་ནང་། ཁྱད་པར་བོད་ཀྱི་གནའ་སྲོལ་སྨན་གྱི་ལག་ལེན་དང་། སྨན་སྦྱོར། བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་དབར་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས། ཞེས་གསལ་ཡོད་པ་ལྟར། རྩ་བའི་གཅིག་གནང་བསྡད་ཀྱི་ཡོད་ཀྱང་། ད་དུང་ཡིན་ནའང་ཕྱི་ལུགས་སྨན་དང་ང་ཚོ་གསོ་བ་རིག་པ་གཉིས་དབར་མཚུངས་བསྡུར་བྱས་ནས་དེང་དུས་ཚན་རིག་དང་མཐུན་པའི་ཐོག་ནས་ག་རེ་བཟོ་རྒྱུ་འདུག ང་ཚོས་ཕར་ལ་ཞལ་འདེབས་འབུལ་ཐུབ་པ་ཡོང་གི་རེད་ལ། དེ་བཞིན་ཚུར་ལའང་ལེགས་ཆ་ལེན་ཐུབ་པ་ཡོང་གི་ཡོད་རེད་བསམ་གྱི་འདུག དེ་འདྲའི་ཐོག་ང་ཚོས་ཉམས་ཞིབ་གནང་རྒྱུ་གལ་ཆེན་པོ་རེད། ངས་གོ་བ་དང་མཐོང་བ་དེ་འདྲའི་ནང་ལ། རྒྱུད་བཞི་དང་འབུམ་བཞི་ལྟ་བུར་མཚོན་ན། ཁ་ཤས་ཀྱིས་རྒྱུད་བཞི་དེ་འབུམ་བཞི་ནས་བྱུང་བ་རེད་ཟེར་བ་དང་། ཡང་ཁག་ཅིག་གིས་རྒྱུད་བཞི་དེ་བཀའ་རེད་མ་གཏོགས་བསྟན་བཅོས་མ་རེད་ཟེར་བ། ཁ་ཤས་ཀྱིས་དེ་བསྟན་བཅོས་རེད། བཀའ་མ་རེད་ཅེས་དང་། ཡང་ཁ་ཤས་ཀྱིས་འབུམ་བཞི་དང་རྒྱུད་བཞི་ཐ་སྙད་ཁག་ཅིག་མ་གཏོགས་དོན་དག་གཅིག་པ་གཅིག་ཀྱང་ལེའུ་དང་བཅས་པ་མཉམ་དུ་འགྲོ་གི་འདུག་གསུང་གི་འདུག རེད་དང་མ་རེད། ཡིན་དང་མ་ཡིན། དེ་ཚོའི་གྲས་ལ་དངོས་ཡོད་གནས་ཚུལ་གང་ཆགས་ཀྱི་ཡོད་པ་ཉམས་ཞིབ་གནང་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། དོན་གྱི་ཐོག་ནས་ཉམས་ཞིབ་དང་། རིགས་གཅིག་རྐང་འཛིན་གནང་དགོས་པ་གལ་ཆེན་པོ་རེད། གང་བྱས་མ་འོངས་པའི་མི་རབས་རྣམས་ལ་ཁུངས་དང་། ལུང་། རྒྱུ་མཚན་བགྲང་བའི་ཐོག་ནས་རྩིས་སྤྲད་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་། སྔོན་མ་དེ་འདྲ་བཤད་ཀྱི་ཡོད་རེད། ད་ལྟ་དེ་འདྲ་ཤོད་ཀྱི་ཡོད་རེད། མ་འོངས་པར་དེ་འདྲ་འགྲོ་གི་རེད་ཅེས་གསུངས་ནས་འགྲོ་རྒྱུ་གཅིག་མ་ཡིན་པར། སྔོན་མ་དེ་འདྲ་ཞིག་གསུངས་ཀྱི་ཡོད་རེད། བར་ལམ་ཞིག་ནས་ཉམས་ཞིབ་བྱས་ནས་བབ་ས་དེ་འདྲ་ཞིག་རེད་ཅེས་བཟོ་དགོས་པ་དེ་གནད་འགག་ཆེན་པོ་རེད་སོགས་གསུང་བཤད་གནང་ཡོད་པ་བཅས། །

 

Menu