དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་དུ་བདམས་པའི་སྲི་ཞུའི་ལས་བྱེད་རྣམས་ལ་བཅའ་ཁྲིམས་སྐོར་ཟབ་འཁྲིད་གནང་བ།

༄༅། ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༥ ཉིན་ནས་འགོ་འཛུགས་ཏེ། ཉིན་གྲངས་ ༤༥ རིང་གསར་དུ་བདམས་པའི་སྲི་ཞུའི་ལས་བྱེད་གྲངས་ ༢༦ ལ་བོད་ཨིན་སྐད་ཡིག་གཙོ་བོར་གྱུར་བའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༨ ཉིན་གང་དང་། ཕྱི་ཚེས་ ༢༩ ཉིན་ཕྱེད་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་ལ་ཟབ་འཁྲིད་གནང་རྒྱུར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཅའ་ཁྲིམས་དང་རྩ་ཁྲིམས་གཉིས་ཀྱི་ཁྱད་པར་དང་། བཅའ་ཁྲིམས་གཏན་འབེབས་ཇི་ལྟར་གནང་ཚུལ། བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་ཁག བཅའ་ཁྲིམས་ལེའུ་བཅུ་གཅིག་དང་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་རེ་རེའི་ཐོག་འགྲེལ་བརྗོད་ཞིབ་རྒྱས་གནང་ཡོད་པ་མ་ཟད། ཟབ་སྦྱོང་བ་སྲི་ཞུ་ལས་བྱེད་གསར་པ་རྣམས་ཀྱིས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །

 

Menu