དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཞུགས་སྒར་རྡ་ས་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་རྩེ་ཐོག་ཚོགས་ཁང་ནང་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ། ཞེས་པའི་ལྷན་ཚོགས་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན།

འདིར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་རྣམ་པ། ཚོགས་འདུ་འདིའི་ཐོག་གསུང་བཤད་གནང་མཁན་རྣམ་པ། ཚོགས་བཅར་བ་བཅས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དོན་ངོ་མ་འདི། མ་འོངས་པའི་སྒྲིག་འཛུགས་འཛིན་སྐྱོང་སྤེལ་གསུམ། རང་དབང་འཐབ་རྩོད་ཀྱི་ལས་འགན་དེ་ད་ལྟ་རྣམ་པ་ཚོ་ཚོགས་བཅར་བ་ཚོར་རང་བཞིན་གྱི་བབ་བསྡད་ཡོད་རེད། དེ་འཁྲི་བའི་ལས་འགན་རེད། དེ་འདྲ་ཡིན་ཙང་མ་འོངས་པའི་མདུན་ལམ་གང་འདྲ་ཞིག་བཟོ་དགོས་མིན་ཐད་འདས་པའི་ལོ་རྒྱུས་ཀྱི་གནས་སྟངས་སྐོར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ལྔ་བཅུ་ང་དགུའི་སྐབས་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས་དགོངས་པ་བཞེས་སྟངས་གང་འདྲ་ཞིག་ཡོད་རེད། ལས་འཆར་སྒྲིག་སྟངས་གང་འདྲ་ཞིག་ཡོད་རེད། དྲུག་ཅུའི་ནང་གང་འདྲ་བྱུང་ཡོད་རེད། བདུན་ཅུའི་ནང་གང་འདྲ་བྱུང་ཡོད་རེད། དེ་འདྲ་དེ་འདྲ་བྱས་ནས་ད་ལྟ་བར་གྱི་གནས་བབ་དེ་གང་འདྲ་ཞིག་ཆགས་བསྡད་ཡོད་རེད། དྲུག་ཅུའི་དུས་ཚོད་སྐབས་བོད་ཀྱི་རྩ་དོན་དེ་འཛམ་གླིང་སྟེང་བརླགས་ཚར་བ་རེད། ཅེས་གསུངས་ཡོད་རེད། ཡིན་ནའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མི་ཐོག་རྒན་པ་རྣམས་ནས་སྐུ་ངལ་བསྐྱོན་པར་བརྟེན་ནས་འཛམ་གླིང་སྟེང་ནས་བོད་ཀྱི་གནད་དོན་དེ་བརླགས་ཡོད་མ་རེད། བོད་པའི་གནད་དོན་དེ་ལག་པ་མ་འཆང་ན་འགྲིག་ཐབས་མེད་པའི་གནས་བབ་ཅིག་བསྐྲུན་བཞག་ཡོད་རེད། དེ་འདྲ་བ་དེ་ང་ཚོས་རྒྱུན་སྐྱོང་བྱེད་དགོས་ཀྱི་རེད།

ངའི་བསམ་བློ་གཏོང་སྟངས་བྱས་ན། ལྔ་དང་ལྔ་བཅུ་ཞེས་པ་ནི། ཉེ་ན་ལོ་ལྔའི་ནང་བོད་ཀྱི་བདེན་མཐའ་གསལ་ཐབས་བྱ་རྒྱུ་དང་། རིང་སོང་ན་ལོ་ལྔ་བཅུ་འདིའི་ནང་ག་རེ་ཡིན་ནའི་ཡོང་སྲིད་པ་རེད། ལོ་ལྔའི་ནང་ཚུད་ལ་བོད་དོན་བདེན་མཐའ་མ་གསལ་བ་ཡིན་ན། གསལ་ཐབས་སླད་གང་དང་གང་བྱེད་དགོས་རེད། བོད་རྒྱ་འབྲེལ་མོལ་དེ་རྒྱུན་ཇི་ལྟར་མཐུད་ཐབས་བྱེད་དགོས་རེད། བོད་མིའི་སྒྲིག་འཛུགས་ཀྱིས་གཅིག་གནང་སྡོད་ཀྱི་ཡོད་ཀྱང་། ང་རང་ཚོ་མི་མང་ཚོས་ཇི་ལྟར་མཐུད་བརྒྱབ་དགོས་རེད། ལོ་ལྔའི་ནང་མ་བྱུང་བ་ཡིན་ན། ལོ་བཅུའི་ནང་གང་འདྲ་ཆགས་ཀྱི་རེད། བཅོ་ལྔའི་ནང་གང་འདྲ་ཆགས་ཀྱི་རེད། ང་ཚོའི་མི་རབས་ཚོས་དགོངས་པ་བཞེས་སྟངས་གང་འདྲ་ཞིག་ཡོང་གི་ཡོད་རེད། ངས་ནམ་རྒྱུན་གཅིག་ཤོད་ཀྱི་ཡོད། ཕྱི་ལོ་ ༡༩༩༡ བར་བོད་པའི་ཕ་མ་ཚོའི་བསླབ་བྱ་བསྐྱོན་སྟངས་དང་། དགོངས་པ་བཞེས་སྟངས། ཕྲུ་གུ་ཚོའི་དགོངས་པ་བཞེས་སྟངས་གཅིག་རེད། དེའི་རྗེས་ནས་བཟུང་སྟེ། དགོངས་པ་བཞེས་སྟངས་དང་། བསླབ་བྱ་བསྐྱོན་སྟངས་གཞན་ཞིག་ཆགས་ཡོད་རེད། ཕྱི་ལོ་ ༡༩༩༡ ཕན་ཐབས་ལ་བོད་པའི་ཕ་མ་མང་བ་ཚོས་སོ་སོའི་ཕྲུ་གུར། སློབ་སྦྱོང་ཡག་པོ་བྱོས། སྤྱོད་པ་ཡག་པོ་བྱོས། མ་འོངས་པར་༸རྒྱལ་བ་རིན་པོ་ཆེ་དང་། བོད་གཞུང་ལ་ཞབས་ཕྱི་ཞུ་དགོས་རེད་ཅེས་བསླབ་བྱ་བསྐྱོན་གནང་གི་ཡོད་པ་དང་། ཕྲུ་གུ་ཚོས་ཀྱང་སློབ་སྦྱོང་གནང་བའི་སྐབས་སུའང་སློབ་སྦྱོང་ཡག་པོ་བྱས་ནས་མ་འོངས་པར་༸རྒྱལ་བ་རིན་པོ་ཆེ་དང་། བོད་གཞུང་ལ་ཞབས་ཕྱི་ཞུ་རྒྱུའི་བསམ་བློ་བཏང་གི་རེད། ཕྱི་ལོ་ ༡༩༩༡ རྗེས་ནས་དེ་འདྲ་བའི་བསམ་བློ་གཏོང་མཁན་དེ་ཉུང་ཤས་ཤིག་ཆགས་བསྡད་ཡོད་པ་དང་། ཕ་མ་མང་བས་སོ་སོའི་ཕྲུ་གུས་སློབ་སྦྱོང་ཁུངས་འཁྱོལ་མིན་ལ་མ་ལྟོས་པར། ཕྱི་རྒྱལ་ལ་གཏང་རྒྱུའི་གོ་སྐབས་ཤིག་བྱུང་ན་གཏོང་རྐྱང་དང་། ཕ་མའི་ངོས་ནས་མཐུན་འགྱུར་ཇི་ལྟར་སྦྱར་དགོས་པ་བལྟ་རྒྱུ་དང་། ཕྲུ་གུའི་ངོས་ནས་ཇི་ལྟར་འགྲོ་དགོས་འདུག་བལྟ་རྒྱུ། དེ་འདྲའི་བསམ་བློ་ཞིག་སླེབས་བསྡད་པ་གཅིག་མཐོང་གི་འདུག་ཞུ་གི་ཡོད། གཅིག་བྱས་ན་ང་ནོར་ཡོད་ཀྱི་རེད། དེ་འདྲ་ཡིན་ཙང་དེའི་བསམ་བློའི་གྲོས་དེ་གང་འདྲ་ཆགས་ཀྱི་རེད། འཛམ་གླིང་སྤྱི་ཡོངས་ནང་སྤྱི་ཚོགས་དྲྭ་རྒྱ་ལ་སོགས་པ་འགྱུར་བ་མང་པོ་ཐེབས་ཡོང་གི་ཡོད་པ་སོང་ཙང་། ང་རང་ཚོའི་འབྱུང་འགྱུར་མི་རབས་རྣམས་ཀྱི་དགོངས་པ་བཞེས་སྟངས་ལ་འགྱུར་བ་གང་ཐེབས་སྲིད་ཀྱི་རེད། ཕྱག་ལས་གནང་ཕྱོགས་ལ་འགྱུར་བ་གང་ཐེབས་སྲིད་ཀྱི་རེད། གཙོ་བོ་ལས་དོན་མང་པོ་ཞིག་བསམ་བློའི་འགྱུར་འགྲོས་ཐོག་ནས་འཁྲིད་འགྲོ་རྒྱུ་གཅིག་ཡིན་དུས། དེ་ཚོའི་ཐོག་ལ་ག་རེ་ཆགས་ཀྱི་རེད། དཔེར་ན་༸རྒྱལ་བ་རིན་པོ་ཆེས་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་རེད་ཅེས་བཀའ་སློབ་ཕེབས་ཡོད་རེད། དེ་གཙོ་བོ་ང་ཚོར་གསུང་གི་འདུག་བསམ་པ་གོ་དགོས། ང་རང་ཚོ་བོད་པ་མང་ཆེ་བ་ནང་པ་ཡིན་དུས། དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་ཀྱི་ཡོད་ན། འགོ་དེ་ང་ཚོས་འཁྲིད་དགོས་ཀྱི་ཡོད། དེ་འཁྲིད་རྒྱུའི་ཆེད་དུ་ཕ་མ་ཚོས་ཕྲུ་གུ་ཚོར་བསླབ་བྱ་ཇི་ལྟར་བརྒྱབ་དགོས་པ། སློབ་གྲྭའི་ནང་དགེ་རྒན་ཚོས་སློབ་འཁྲིད་ཇི་ལྟར་གནང་དགོས་པ། ཕྲུ་གུ་ཚོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཡོད་མེད་དང་། དེང་སང་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་ཕྱོགས་གཞན་དག་གཅིག་ལ་འཁྲིད་ཀྱི་ཡོད་མེད་ལ་སོགས་པར་ང་ཚོས་དགོངས་པ་བཞེས་དགོས་ཀྱི་ཡོད་རེད། དེ་བཞིན་འགྲོ་བོ་མི་ཞིག་ཡིན་པའི་ཆ་ནས་བཟང་པོའི་སྤྱོད་པ་དགོས་པ། དེང་སང་སྤྱི་ཚོགས་དེ་འདྲའི་ནང་ལ་གོ་རྒྱུར།  དེ་སྔའི་བོད་པ་དེ་ཚོ་མི་བཟང་པོ་དང་སྤྱོད་པ་ཡག་པོ་ཞེ་དྲག་ཡོད། དེང་སང་སྡུག་ཏུ་འགྲོ་གི་འདུག་ཟེར་གྱི་འདུག དེ་ལེགས་པའི་ཆ་མ་རེད། ཉེས་པའི་ཆ་རེད། དེ་ཇི་ལྟར་སྡུག་ཏུ་འགྲོ་གི་ཡོད་རེད། ཕ་མ་ཚོས་བསླབ་བྱ་མ་བརྒྱབ་ནས་རེད་དམ། ཡང་ན་སློབ་གྲྭར་བསླབ་བྱ་མ་བརྒྱབ་ནས་རེད། བོད་པའི་མི་དེ་དག་མི་ཚད་ལྡན་དང་སྤུས་དག་པོ། ཡག་པོ། བཟང་པོ་འདུག་ཟེར་རྒྱུ་གཅིག་ཇི་ལྟར་བཟོ་དགོས་པ། རྣམ་པ་ཚོ་བསམ་བློ་གསར་པ་ཆགས་བསྡད་ཀྱི་ཡོད་དུས། དེ་ཚོའི་ཐོག་སླར་གསོ་ཇི་ལྟར་བྱེད་དགོས་པ་དགོངས་པ་བཞེས་དགོས།

དེ་བཞིན་བོད་ཀྱི་སྐད་ཡིག་ཐོག་ཆ་བཞག་ན། ངས་ནམ་རྒྱུན་བོད་པའི་མི་གཅིག་གིས་བོད་སྐད་མ་ཤེས་ན་ངོ་ཚ་དགོས་པ་རེད་ཅེས་དང་། བོད་པའི་མི་ཞིག་གིས་བོད་སྐད་ཤེས་པའི་ཐོག་ནས་སྐད་ཡིག་གཞན་བརྒྱ་དང་། སྟོང་ག་ཚོད་ཤེས་པ་ཡིན་ནའང་དཔལ་དང་རྒྱན་རེད་ཅེས་ཤོད་ཀྱི་ཡོད། དེ་འདྲ་ཡིན་ཙང་ད་ལྟ་འདེིའི་ནང་བོད་སྐད་མ་མཁྱེན་པ་དེ་འདྲ་ཡོད་ན་ད་ལྟ་བར་དུ་དམིགས་བསལ་དང་། མ་འོངས་པ་དམིགས་བསལ་དེ་འདྲ་ཞིག་མེད་པ་བཟོ་དགོས་པ་གལ་ཆེན་པོ་རེད། མ་འོངས་པར་བོད་པའི་མི་གཅིག་བོད་པའི་སྤྱི་ཚོགས་ནང་མ་ཚུད་པའི་ཉེན་ཁ་དེ་འདྲ་ཡོང་སྲིད་པ་རེད། སྔོན་མ་ཕྱི་ལོ་དགུ་ཅུ་གོ་གྲངས་ནང་ངས་ཀ་རྡོར་སྒང་གསུམ་ལ་བཤད་མྱོང་། ཕ་མ་ཚོས་ཕྲུ་གུ་ཚོར་བོད་སྐད་རྒྱག་མ་བཅུག་པ་ཡིན་ན། ནམ་ཞིག་ཕ་མ་ཚོར་སྐྱོན་འཛུགས་བྱེད་རྒྱུའི་ཉེན་ཁ་ཡོད་རེད་ཅེས་ཞུ་རྒྱུ་བྱུང་། འབྱུང་འགྱུར་རང་དབང་སླར་གསོ་བྱུང་མཚམས། ང་ཚོ་བོད་ནང་ལོག་དགོས་པ་དང་། བོད་ཀྱི་ཁོར་ཡུག་ནང་ཞུགས་དགོས་ཀྱི་ཡོད་སྟབས། བོད་སྐད་མ་ཤེས་པར་བརྟེན་ནས། བོད་པའི་སྤྱི་ཚོགས་ནང་ལ་བསྒྲིལ་མ་ཐུབ་པ་ཡིན་ན། མི་འདིའི་བསམ་བློའི་ནང་ཚོར་བ་གང་འདྲ་ཞིག་སླེབས་ཀྱི་རེད། ང་བོད་པ་ཞིག་ཡིན་ཀྱང་བོད་པའི་གྲལ་དུ་ཚུད་ཀྱི་མི་འདུག་བསམ་པའི་ཚོར་བ་ཞིག་སླེབས་ཀྱི་རེད་དང་མ་རེད། སླེབས་པ་ཡིན་ན། ཕ་མའི་ཐོག་ལ་གང་ཟེར་གྱི་རེད། བྱས་ཙང་དྲིན་ཆེན་དྲིན་ཆུང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་རེད། ཉིན་ཞིག་རང་དབང་སླར་གསོ་བྱུང་ནས་གཞིས་བྱེས་མཉམ་འཛོམས་ཀྱི་མཚམས་ལ། ང་ཚོས་གཞིས་བཞུགས་སྤུན་ཟླ་རྣམས་ལ་ལེགས་སྐྱེས་གང་འབུལ་དགོས་རེད། བོད་པ་མང་བ་དེ་བོད་ནང་ལ་ཡོད་རེད། ཁོང་རྣམ་པའི་སེམས་ཤུགས་ཀྱི་རྒྱབ་རྟེན་ལ་བརྟེན་ནས་ང་ཚོའི་རང་དབང་གི་འཐབ་རྩོད་གསོན་པོར་གནས་ཡོད། བོད་ནང་བོད་པའི་ཆོས་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་སྤྲད་ཡོད་མ་རེད། ཁོང་རྣམས་ལ་ང་ཚོས་དེ་དག་བདག་གཅེས་བྱས་ནས་ཆ་ཚང་ཚུར་འཁྱེར་ཡོད་ཟེར་རྒྱུ་བཟོ་དགོས་ཀྱི་རེད་དང་མ་རེད། དེ་ལྟར་བྱེད་དགོས་ཀྱི་ཡོད་ན་དེ་ལ་གཞིགས་པའི་མ་འོངས་པའི་མདུན་ལམ་ཐོག་སྲིད་བྱུས་གང་འདྲ་ཞིག་བཟོ་དགོས་པ། གང་ལྟར་མ་འོངས་པར་སྲིད་བྱུས་གང་འདྲ་ཞིག་བཟོ་གི་ཡོད་རུང་། དང་པོ་དེར་འདས་པར་རྒྱབ་གཤིག་བྱས་ནས་སྔོན་ཆད་བྱུང་རིམ་ཁག་ལ་གཟིགས་དགོས་པ་དང་། ད་གིན་ཁྱེད་ཚོ་མཇལ་བའི་སྐབས་ལ་མང་གཙོའི་འཕེལ་རིམ་སྐོར་མདོར་བསྡུས་ཞུས་པ་ཡིན། དེ་མིན་ང་ཚོའི་སྒྲིག་འཛུགས་ཐོག་མར་བཙུགས་པའི་སྐབས་ལ་གཞིས་ཆགས་ཇི་ལྟར་བཙུགས་པ་དང་། སློབ་གྲྭ་ཁག་ཇི་ལྟར་བཙུགས་པ་སོགས་ཤེས་དགོས།

དེའི་སྔོན་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བར་ལམ་ཞིག་ནས་ལྔ་བཅུ་ལྔ་བཅུ་ཆགས་ཀྱི་རེད་ཅེས་གསུངས་པ་ལྟར། ད་རེས་ཚོགས་འདུའི་ནང་བལྟས་པ་ཡིན་ན། རྒྱ་བལ་འབྲུག་གསུམ་ནས་ཚོགས་བཅར་བ་བརྒྱ་ཆ་ལྔ་བཅུ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བརྒྱ་ཆ་ལྔ་བཅུ་དེ་འདྲ་ཞིག་ཆགས་འདུག དེ་འདྲ་བ་ཞིག་ཆགས་པ་ཡིན་ན། ཕྱི་རྒྱལ་ཁག་ལ་ད་ལྟ་གཟའ་མཇུག་སློབ་གྲྭ་ཟེར་བ་ཞིག་མ་གཏོགས་ཡོད་མ་རེད། དེས་ང་ཚོ་བོད་པའི་ཆོས་དང་། སྐད་ཡིག རིག་གཞུང་ལ་སོགས་པ་སྲུང་སྐྱོབ་ཇི་ཙམ་བྱེད་ཐུབ་ཀྱི་རེད་དམ། དེས་ཆ་ཚང་ལོགས་ལ་འདང་ཐུབ་ཀྱི་ཡོད་མིན། འདང་ཐུབ་ཀྱི་མེད་ན། འདང་བ་ཞིག་ཇི་ལྟར་བཟོ་དགོས་པ་ལས། འདང་གི་མི་འདུག་ཟེར་ནས་བཞག་ན་འགྲིག་གི་མ་རེད། གང་ལྟར་འདང་བ་ཞིག་དང་། གང་བྱས་བོད་པའི་མི་དེ་བོད་མི་རང་ཆགས་པ་ཞིག་བཟོ་དགོས་ཀྱི་ཡོད་པ་དང་། ད་ལྟ་ཆགས་མེད་ན་མ་འོངས་པ་ཆགས་པ་ཞིག་ཇི་ལྟར་བཟོ་དགོས་མིན་ཐད་གང་དང་གང་བྱེད་དགོས་པ་སོགས་ཀྱི་ཐོག་སློབ་སྦྱོང་གནང་རྒྱུ་དང་། གོ་བསྡུར་སྦྱངས་བཤད་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།

ཕྱོགས་གཅིག་ནས་རྣམ་པ་ཚོས་སྔོན་ལ་མ་མཁྱེན་པ་མང་པོ་ཞིག་མཁྱེན་ཡོང་གི་རེད། ང་ཚོའི་སྒྲིག་འཛུགས་ཀྱི་གནས་བབ་གང་འདྲ་ཡིན་པ་མཁྱེན་ཡོང་གི་རེད། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་གཞིར་བཟུང་། གང་བྱས་གཅིག་ལ་གཉིས་བརྒྱུད་བྱས་ནས་ཁྱེད་རང་ཚོས་གང་མཁྱེན་པ་དེ་དག་བོད་པ་གཞན་མ་མཁྱེན་པ་རྣམས་མཁྱེན་པ་བཟོ་རོགས་གནང་། བོད་པས་བོད་པའི་འཐབ་རྩོད་ཀྱི་ངོ་བོ་མ་མཁྱེན་པ་ཡིན་ན། ཞེ་དྲག་ངོ་ཚ་པོ་རེད། བོད་པའི་འཐབ་རྩོད་ཀྱི་ལས་དོན་ཅི་འདྲ་ཞིག་བྱས་ཀྱང་། ངས་ཤེས་ཀྱི་མེད་ཅེས་གསུང་ན་ངོ་ཚ་པོ་རེད། དེ་ཤེས་པར་སློབ་སྦྱོང་གནང་དགོས་རེད། དེ་སྔ་ལྟ་བུ་མ་ཡིན་པར། དེང་སང་སློབ་སྦྱོང་གནང་རྒྱུར་ཆ་རྐྱེན་འཛོམས་པོ་ཞེ་དྲག་རེད། དེ་ལྟར་གནང་བའི་ཐོག་ནས་ཇི་སྲིད་རང་དབང་སླར་གསོ་མ་བྱུང་བར་དེ་སྲིད་བོད་སྤྱི་པའི་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས། རྒྱུན་བསྐྱང་རྒྱུའི་ལས་འགན་དེ་རྣམ་པ་ཚོ་གཞོན་སྐྱེས་ཚོར་བབ་ཡོང་གི་རེད། ནམ་ཞིག་རྣམ་པ་ཚོ་དགུང་ལོ་བགྲེས་པའི་སྐབས་ལ་ཁྱེད་ཚོའི་ཕྲུ་གུ་ཚོའི་སྟེང་བབ་ཡོང་གི་རེད། གང་བྱས་བོད་པའི་འཐབ་རྩོད་དེ་མུ་མཐུད་རྒྱུན་བསྐྱང་རྒྱུ་དང་། མ་བརླག་པ། ནུས་པ་གོང་མཐོར་གཏོང་རྒྱུ་དེ་གནད་འགག་ཆེན་པོ་རེད། དེའི་ཐོག་ལ་རྣམ་པ་ཚོ་ཚང་ཁ་གཤིག་གཤིག་ངང་ཚོགས་འདུའི་ཐོག་ཕེབས་པ་དེ་དགའ་ཚོར་སྐྱེ་འོས་པ་ཞིག་རེད། མ་འོངས་པར་བོད་པའི་ཕྲུ་གུ་གཞོན་སྐྱེས་དེ་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཆ་ཚང་ཤེས་པ་དང་། བོད་པའི་འཐབ་རྩོད་ཀྱི་ངོ་བོ་ཆ་ཚང་ཤེས་པ། གཉིས་སྨན་དབུ་མའི་ལམ་ཟེར་བ་དེ་ཁ་ནས་ཚིག་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་གཉིས་སྨན་ཇི་ལྟར་ཡིན་པ། རྒྱ་ནག་མི་དམངས་ལ་ཕན་ཐོགས་གང་ཡོད་པ་དང་། བོད་པའི་མི་མང་ལ་ཕན་ཐོགས་གང་ཡོད་པ། དབུ་མའི་ལམ་གྱི་ནང་དོན་དང་བཅས་ཚང་མ་རང་གིས་རྟོགས་པ་དང་། རྟོགས་པ་ནང་བཞིན་གཞན་ལ་བཤད་ཐུབ་པ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བཅས་གསུངས་གནང་ཡོད་པ་བཅས། །

Menu