དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོར་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོ་དང་མར་མེའི་ཁྲོམ་སྐོར་མཛད་སྒོ་བཅས་སོ་སོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་ཡོངས་ནས་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད་འདུག་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། བདེ་སླར་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས། གདན་ས་དང་དགོན་སྡེ་ཁག་གི་མཁན་པོ་ལ་སོགས་སྐུ་མགྲོན་དང་། དེ་བཞིན་མི་མང་བཅས་མཉམ་ཞུགས་གནང་ཡོད་འདུག

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་གཙོས་པའི་སྐུ་མགྲོན་རྣམས་དང་མི་མང་བཅས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའིསྐུའིའཁྲུངས་སྐར་མཛད་སྒོ་འདི་ཙམ་མ་ཡིན་པར། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་སར་སྲུང་བརྩི་གནང་བཞིན་ཡོད་པ་རེད། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མང་པོ་ཞིག་གིས་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་བཞིན་པ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སུ་རེད་ཅེས་པའི་དྲི་བ་ཞིག་སླེབས་ཀྱི་རེད། དེ་རྗེས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དེ་རེད་ཟེར་བ་ཞིག་ཆགས་ཀྱི་ཡོད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཉན་འཕྲང་ཅན་གྱི་དུས་ཚོད་དེའི་ནང་བོད་རྒྱལ་ཁབ་དང་མི་རིགས་ལ་ཆེས་རླབས་ཆེན་གྱི་མཛད་འཕྲིན་རབ་དང་རིམ་པ་བསྐྱངས་ཡོད་རེད། དེ་ཆ་ཚང་དེ་རིང་གི་དུས་ཚོད་འདིའི་ནང་བཤད་ཐུབ་ཀྱི་མ་རེད་ལ། བཤད་ཚར་ཡག་ཅིག་ཀྱང་མ་རེད།

འོན་ཀྱང་དམ་པ་ཁོང་གི་བཀའ་དྲིན་དྲན་པའི་ཐོག་ནས་ཆུ་ཐིགས་ཙམ་ཞིག་ཞུས་པ་ཡིན་ན། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༦༢ ལོར་ཁོང་དགུང་ལོ་ ༢༤ ལ་ཕེབས་སྐབས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་རྗེས་བོད་ཀྱི་གནས་སྟངས་ཇི་འདྲ་ཆགས་ཡོད་པ་དང་། བོད་ཀྱི་སྣོད་ལ་ག་རེ་གནོད་ཡོད་པ། བོད་ཀྱི་བཅུད་ལ་ག་རེ་གནོད་པ་བསྐྱལ་ཡོད་པ་སོགས་འཁོད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་མའོ་ཙེ་ཏུང་གིས་དབུས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་ཁག་ལ་འབུལ་སྐབས། མའོ་ཙེ་ཏུང་གིས་༧པཎ་ཆེན་རིན་པོ་ཆེའི་ཞུ་ཡིག་འདི་ནི་གུང་ཁྲན་ཏང་ལ་འཕངས་པའི་དུག་མདའ་ཞིག་རེད་ཅེས་བཤད་ཡོད་པ་དང་། དེས་རྐྱེན་པས་ཁོང་ལོ་ངོ་ ༡༤ ཙམ་བཙོན་ཁང་ནང་བཞུགས་དགོས་བྱུང་ཡོད་པ་དང་། དེའི་སྐབས་དཔེ་མི་སྲིད་པའི་མཛད་དཀའ་ཆེན་པོ་བྱུང་ཡོད་པ་མ་ཟད། གཞིས་བྱེས་གཉིས་ལ་ཡོད་པའི་བོད་མི་རྣམས་ཀྱིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་འཆི་གསོན་གནས་སྟངས་ཙམ་ཡང་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད་པ་རེད། ཡིན་ནའང་ཕྱི་ལོ་ ༡༩༧༨ ཟླ་ ༢ ཚེས་ ༢༦ ཉིན་རྒྱ་ནག་ཤིང་ཧྭ་གསར་ཁང་བརྒྱུད་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཟེར་བའི་ནང་ཕེབས་ཡོད་པའི་གསལ་བསྒྲགས་བྱས་རྐྱེན་གཞི་ནས་ཁོང་སྐུ་འཚོ་བཞུགས་ཡིན་པའི་གནས་བབ་ཤེས་རྟོགས་བྱུང་བ་རེད། དེ་ནས་ཕྱི་ལོ་ ༡༩༨༠ ལོར་༧པཎ་ཆེན་རིན་པོ་ཆེ་མཆོག་བསྐྱར་དུ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་དུ་བསྐོ་གཞག་གནང་ཡོད་རེད། དེ་ནས་བཟུང་ཁོང་གིས་རྒྱལ་བསྟན་སྤྱིར་སླར་གསོ་དང་། བོད་ཀྱི་རིག་གཞུང་ཆས་གོས་དང་། སྐད་ཡིག་སོགས་ཀྱི་ཐོག་དཔེ་མི་སྲིད་པའི་ཞབས་འདེགས་རླབས་པོ་ཆེ་སྒྲུབ་གནང་ཡོད།

ད་ལྟ་ཡང་བོད་ནང་བོད་མིའི་སྐད་ཡིག་ལ་སོགས་སླར་གསོ་ཡོང་བ་དེ་རྐྱེན་གཙོ་བོ་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ལས་བསྐྱོན་པར་བརྟེན་ནས་བྱུང་བསྡད་པ་ཞིག་ཆགས་ཡོད། དེ་ནས་ཕྱི་ལོ་ ༡༩༨༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་གནང་བ་དང་། སྨོན་ལམ་འཚོགས་བཞིན་པའི་སྐབས་བཀའ་སློབ་གནད་འགག་ཆེན་པོ་ཞིག་ཕེབས་ཡོད་རེད། དེའི་ནང་༸རྒྱལ་བ་རིན་པོ་ཆེ་མཆོག་དང་ང་གཉིས་ནི་ཆོས་ཀྱི་གྲོགས་པོ་ཡིན། ང་གཉིས་ཀྱི་བར་མི་མཐུན་པ་དེ་འདྲ་གང་ཡང་མེད། ཡིན་ནའང་དེང་སྐབས་མི་རེ་ཟུང་ནས་དཀྲོག་གཏམ་བཟོས་ཏེ་སྔར་གྱི་གཞུང་བླ་དང་དེ་འདྲའི་དམ་སེལ་གྱི་སྐད་ཆ་ཤོད་མཁན་ཏོག་ཙམ་ཡོ་གི་འདུག ངས་ཁོང་ཚོར་ཞུ་རྒྱུར་དེ་འདྲ་མ་བཤད་ན་ཡག་པོ་འདུག དེ་ནི་དགོས་མེད་སྐྱོན་གྱུར་དང་སངས་རྒྱས་ཀྱི་བསྟན་པ་དང་། བོད་མི་རིགས་ཚང་མར་གནོད་སྐྱོན་མ་གཏོགས་ཡོང་གི་མ་རེད་ཅེས་བཀའ་སློབ་སྩལ་ཡོད་རེད། དེ་ཚོའི་གྲས་ང་ཚོ་ཚང་མས་གསན་ཡོད་རེད། དེ་དེ་བཞིན་བྱས་ནས་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༩ ཉིན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གཞིས་ཀ་རྩེར་རྟེན་གཞི་བྱས་པའི་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་༸པཎ་ཆེན་སྐུ་གོང་མ་ལྔའི་སྐུ་གདུང་མཆོད་རྟེན་ཉམས་གསོ་ལེགས་གྲུབ་བྱུང་བར་རབ་གནས་མཛད་གནང་བ་དང་། དེ་དང་འབྲེལ་ནས་ཆོས་དང་ཆབ་སྲིད་ཀྱི་སྐོར་བཀའ་སློབ་མང་པོ་ཞིག་གནང་ཡོད་རེད། དེའི་ནང་ནས་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༡༦ ཉིན་ཆབ་སྲིད་ཀྱི་ཚོགས་འདུ་ཞིག་འཚོགས་ཤིང་ཆབ་སྲིད་ཀྱི་བྱ་བའི་བཀའ་སློབ་མང་པོ་གནང་ཡོད་པ་དང་། གཙོ་བོ་བོད་འདི་འཆམ་མཐུན་དང་། ཇག་རྐུན་ཁྲམ་གསུམ་དང་འཁོན་འཛིན་མི་བྱེད་པར་རྒྱལ་ཁབ་ཀྱི་ཁས་ལེན་ཚིག་བརྩི་བྱས་ནས་དཀར་པོ་དགེ་བའི་ཕྱོགས་སུ་ཁ་འཁོར་དགོས་པ་དང་། ནག་པོ་སྡིག་པའི་ཕྱོགས་སུ་རྒྱབ་གཏོད། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་རྒྱུད་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པ་བཞིན་ང་རང་ཚོ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཡོད་ཕྱིན་སྡིག་པ་མ་བྱེད་དགེ་བ་སྒྲུབས་ཤིག་ཅེས་པ་དང་། དེའི་ཕྱི་ཉིན་ཆོས་ལུགས་ཀྱི་བྱ་བའི་ཚོགས་འདུ་ཚོགས་ཤིང་། གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་དང་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོད་ཚད་ལ་སངས་རྒྱས་ཀྱི་བསྟན་པ་འདིའི་དོན་དུ་ཞལ་བརྡ་གཙོ་བོ་གསུམ་གནང་བ་སྟེ་འདི་ལྟར། དང་པོ་དགོན་པ་ཞིག་ལ་བླ་མ་མེད་ན་དགོན་པ་དེ་ལ་མགོ་མེད་པ་ལྟ་བུ་ཡིན་པས། ཁོང་གིས་ཀྲུང་དབྱང་ལ་སྙན་ཞུ་དང་གྲོས་མོལ་བྱས་ནས་ཀྲུང་དབྱང་གིས་ཆོག་མཆན་བཀོད་དེ་དེང་ཕྱིན་ཆད་བླ་མ་ཚོའི་སྤྲུལ་སྐུ་ཐུགས་བརྟག་བཅད་ནས་གདན་སར་བཀོད་ཆོག་པ་ཐག་གཅོད་བྱུང་ཞིང་། སྤྲུལ་སྐུ་ཇི་ལྟར་ཐུགས་བརྟག་གཅོད་རྒྱུ་ཁོང་གི་ཐུགས་འདོད་བཞིན་བྱས་ཆོག་པ་དང་། ཁོང་གིས་ཐག་བཅད་པ་ལ་ཀྲུང་དབྱང་ནས་ཀྱང་བླ་མ་དེ་ལ་ཐོབ་གོ་ས་ཅི་ཡོད་ཁས་ལེན་རྒྱུ་བྱས་ཡོད། དེ་ནི་ཁོང་དགོངས་པ་ཆོས་དབྱིངས་སུ་རྫོགས་ཁར་ངེད་ཅག་ལ་བཞག་པའི་མཐའ་མའི་བཀའ་དྲིན་རེད།

གཉིས་པ་ནི་གཙོ་བོ་བོད་ལ་དར་བའི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དབང་ཆ་དང་། ཕྱིས་སུ་ཆོས་ལུགས་ཇི་ལྟར་དར་དགོས། གྲྭ་པའི་ཕེབས་ཚུལ་བཞུགས་སྟངས་བཅས་ཆ་ཐམས་ཅད་ཀྱི་དབང་ཆ་ཀྲུང་དབྱང་གིས་༧པཎ་ཆེན་རིན་པོ་ཆེ་ཁོང་ལ་ཕུལ་བ་ཡིན། ཞེས་བོད་བརྒྱུད་ནང་བསྟན་གྱི་འགོ་འདྲེན་ཚོགས་ཆུང་ཞིག་བཙུགས་ཏེ་ཁོང་དེའི་དབུ་འདྲེན་དུ་བཞུགས་རྒྱུ་བཅས་ཐག་བཅད་ཡོད། གསུམ་པ་ནི་གྲྭ་བཙུན་ཚོའི་གནང་སྒོའི་ཐོག་ལ། སྔར་ལྟར་བླ་མ་གྲྭ་པ་ཞིག་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཐུགས་ལ་དགོངས་དགོས། དེང་སང་དུས་སྙིགས་མ་དང་བསྟན་པ་ཉམ་ཐག་ཏུ་གྱུར་ཡོད་སྟབས། ཁྱེད་དགེ་བའི་བཤེས་གཉེན་ཚོསགཙོ་བོ་བསླབ་པ་སློབ་གཉེར་དང་འཛིན་སྐྱོར་སྦྱོངས་གསུམ། དཔེ་ཁྲིད། དཔེ་གཟིགས་བཅས་བཤད་སྒྲུབཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འདི་བརྒྱུད་འཛིན་དར་སྤེལ་དང་། བླ་མ་རྣམ་པ་ཚོའི་སྤྲུལ་སྐུ་ཚོ་ཡིན་ནའང་དེ་རིང་ཆབ་སྲིད་ཀྱི་དབང་ཆ་དང་གོ་ས་ཞིག་ཐོབ་པ་དེ་ནི་ཁྱེད་བླ་མ་ཞིག་རེད་ཅེས་ཐོབ་པ་མ་གཏོགས་ཁྱོད་རང་ཉིད་བུ་བཟང་རྟ་མགྱོགས་ཏེ་གསར་བརྗེ་ལ་དཔའ་བས་དབང་གིས་གོ་ས་དེ་ཐོབ་པ་མ་རེད།

དེ་རང་རང་གིས་ངོས་ཟིན་པ་བྱས་ནས་བླ་མ་དང་སྐྱེས་བུ་དམ་པ་གོང་མ་ཚོའི་སྐུ་ཞབས་སུ་ཐི་གུ་མ་འདྲེན་ཞེས་སྤྲུལ་སྐུ་རྣམས་ལ་ཅུང་བཀའ་བཙན་པོ་ཞིག་གནང་། ཕྱིན་ཆད་གཙོ་བོ་ཆོས་ལུགས་པ་ཡིན་པ་ཡིན་ན་རང་གིས་རང་ལ་བརྩི་མཐོང་དང་རྒྱལ་གཅེས་ཆོས་གཅེས་ཞེས་རང་གི་ཆོས་ལུགས་འདི་ལ་རང་གིས་གཅེས་སྐྱོང་བྱེད་ན་སྒྲིག་ལམ་ཀུན་སྤྱོད་བརྩི་སྲུང་བྱེད་པ་གཞིར་བཞག་གི་སྟེང་ནས་མདོ་སྔགས་འཆད་ཉན་གྱི་བྱ་བ་གང་ལ་འབད་དགོས། དེང་སང་གི་དུས་སུ་རྒྱུ་ནོམ་པ་མང་ཞིང་ཐམས་ཅད་ཀྱིས་དཀའ་ཚེས་བརྩོན་འགྲུས་མི་ཐེགས་ཤིང་སྐྱིད་འདོད་བདེ་འདོད་ཁོ་ན་བྱེད་པ་དེ་ཚོས་སྒྲུབ་པའི་བྱ་བ་མ་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགོས་པ་ཅི་རེད་ཟེར་ན། གཙོ་བོ་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་ཞིག་སྒྲུབ་ཤིང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་དང་། སེམས་ཅན་གྱི་དཀོར་ཆུ་དཀོར་ཟས་ཤིག་ཟོས་ཚད་ཀྱི་ཤི་གསོན་ཐམས་ཅད་ཐུགས་ལ་འཛིན་དགོས། གཙོ་བོ་རང་རང་གི་རང་རྒྱུད་ཀྱི་བསླབ་ཁྲིམས་རྣམ་པར་དག་པ་སྲུང་བའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདྲེན་མི་བྱེད་པར་དེ་འཛིན་སྐྱོང་བྱེད་རྒྱུ་གལ་ཆེ། སྤྱིར་ཆོས་ལུགས་པ་ཞིག་ཡིན་ཕྱིན་རང་སྟེང་གི་འགྲིག་ལམ་ཀུན་སྤྱོད་ལ་བརྩི་སྲུང་གཙོས་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་དང་བླ་མ་ལས་སྣེ་སུ་ཡིན་རུང་སྒྲིག་ཁྲིམས་སྲུང་དགོས་ཞེས་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་མང་པོ་གསུངས་ཡོད་པ་རེད། དེ་བཞིན་ཟླ་བ་དེའི་ཚེས་ ༢༤ ཉིན་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་དང་གཞིས་རྩེའི་ཆབ་འབངས་རྣམས་ལ་བཀའ་སློབ་ཕེབས་དོན། ང་ཚོས་བློས་བཏང་བའི་གྱོང་གུན་གྱི་རིན་ཐང་དང་། གྲུབ་འབྲས་གཉིས་བསྡུར་ནས་བཤད་ཚེ་ངའི་བསམ་ཚོད་བྱས་ན་བློས་བཏང་བའི་གྱོང་གུན་གྱི་རིན་ཐང་མང་བ་ཡོད་པ་རེད། ང་ཚོར་ཐོབ་པའི་གྲུབ་འབྲས་ཀྱི་རིན་ཐང་དེ་གྱོང་གུན་གྱི་རིན་ཐང་ལས་ཆེ་བ་བྱུང་ཡོད་པ་མ་རེད། ཅེས་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་སླར་ཡང་བསྐྱོན་བརྗོད་ཤུགས་ཆེ་གནང་བ་རེད། དེ་ནས་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གློ་བུར་དུ་གདན་ས་བཀྲ་ཤིས་ལྷུན་པོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། དེ་ཡང་རང་བཞིན་གྱི་དགོངས་པ་རྫོགས་པ་རེད་ཟེར་བ་དང་། ཡང་བཀྲོངས་པ་རེད་ཟེར་བའི་གནས་ཚུལ་མང་པོ་ཞིག་ཡོད་པ་རེད། དེ་འདྲ་བ་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་པ་རྣམ་ཐར་མང་པོ་ཡོད་པའི་ནང་གི་ཆུ་ཐིགས་ཙམ་ཞིག་རེད།

དེའི་རྗེས་ལ་ད་ལྟ་ང་ཚོས་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་ངོས་འཛིན་གནང་སྟངས་ཐོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བབ་བརླིང་བརྟན་གསུམ་གྱི་ཐོག་ནས་གནང་ཡོད་པ་རེད། དེའི་ཐོག་སྐུ་བགྲེས་པ་ཚོས་མ་མཁྱེན་པ་ཡོད་མ་རེད། ཡིན་ནའི་སྐུ་གཞོན་པ་མང་པོ་ཞིག་དེ་རིང་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཐོག་ཕེབས་ཡོད་པ་རེད། བྱས་ཙང་དེ་འདྲའི་ཡང་སྲིད་ངོས་འཛིན་གནང་སྟངས་ཐོག་ལ་༧གོང་ས་མཆོག་གིས་གང་དང་གང་གནང་ཡོད་པ་མཁྱེན་པའི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་ན་ཐུགས་ཕན་ཆེ་བ་ཡོད་རེད་བསམ་གྱི་འདུག དེ་འདྲ་ཡིན་ཙང་དེའི་ཐོག་མདོ་བསྟན་ཞིག་ཞུ་རྒྱུ་ཡིན།

༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཞིང་ལ་ཕེབས་རྗེས། ༸གོང་ས་མཆོག་ལ་ས་ཁག་ ༢༠ ཙམ་ནས་འོས་གཞིའི་མིང་ཐོ་ ༣༠ ཙམ་ཕུལ་འབྱོར་བྱུང་བ་དང་། དེའི་ནང་ས་ཆ་མང་ཆེ་བ་བོད་ནང་ནས་རེད། དེ་ནས་ཕྱི་ལོ་ ༡༩༩༡ ལོ་གསར་ཚེས་ ༣ ཉིན་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བོད་ལ་འཁྲུངས་དང་། བོད་ཀྱི་ཕྱི་རོལ་འཁྲུངས་ཟན་བརྟག་བསྒྲིལ་གནང་བར། བོད་ནང་འཁྲུངས་པ་ཐོན་འདུག་པ་དང་། དེ་ནས་ཕྱི་ལོ་ ༡༩༩༡ ལྕགས་ལུག་ཟླ་ ༧ ཚེས་ ༣ ཉིན་བོད་ནང་ཡོད་པའི་འོས་གཞི་གླེང་གྲགས་ཅན་དེ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་མིན་ཟན་བརྟག་བསྒྲིལ་གནང་བར། མིན་ཞེས་ཐོན་འདུག་པ་དང་། ཕྱི་ལོ་ ༡༩༩༣ ཆུ་བྱ་ལོ་གསར་ཚེས་ ༣ ཉིན་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་དུས་བབས་ཡོད་མེད་ཟན་བརྟག་བསྒྲིལ་གནང་བར། མེད་ཅེས་ཐོན་འདུག་པ་དང་། དེ་ནས་ཕྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡༧ ཉིན་པེ་ཅིང་ནས་བྱ་བྲལ་རིན་པོ་ཆེས་སྙན་ཞུ་ཕུལ་འབྱོར་ནང་། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར། ཆོས་འཁོར་རྒྱལ་གྱི་བླ་མཚོར་མཇལ་ཐེངས་ ༢ དང་། རིན་སྤུངས་ལྕམ་སྲིང་གཡུང་མཚོར་མཇལ་ཐེངས་ ༡། དེ་མིན་ཆོས་ཕྱོགས་ཀྱི་བརྟག་འབྲས་འགར་གཞིགས་ན། སྤྲུལ་སྐུ་རིན་པོ་ཆེ་སྐུ་བལྟམས་པ་མ་ཟད་བཀྲ་ཤིས་ལྷུན་པོ་ནས་རྩིས་པའི་ཕྱོགས་ཤར་ངོས་དང་། དགུང་སྙིང་། སྦྲུལ། རྟ། ལུག་གསུམ་གྱི་མཚན་མ་ཤར་ལུགས་གསལ་བ་དེ་འདྲ་ཕེབས་ཡོད་རེད། ཕྱི་ལོ་ ༡༩༩༤ ཤིང་ཁྱི་ལོ་གསར་ཚེས་ ༣ ཉིན་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་དུས་ལ་བབས་ཡོད་མེད་ཟན་བརྟག་གནང་བར། དུས་ལ་བབས་མེད་ཅེས་ཐོན། དེ་ནས་ཕྱི་ལོ ༡༩༩༤ ཤིང་ཁྱི་བོད་ཟླ་ ༡ ཚེས་ ༡༠ ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་དུ། སློབ་དཔོན་མཐོང་བ་དོན་ལྡན་མཆོག་ནས་བརྟག་དཔྱད་གནང་དང་གནང་བཞིན་ལ། བོད་འབངས་ཀུན་ནས་དམ་ཚིག་མདུད་རྒྱ་བརྟན་པོ་བྱས་ན་རིང་པོར་མི་ཐོགས་པར་ཁ་བ་ཅན་དུ་མཆོག་སྤྲུལ་འཁྲུལ་བྲལ་ངེས་འབྱུང་ཞེས་བཀའ་ལུང་ཕེབས་པ་དང་། དེ་ཉིན་ཚངས་པའི་བཀའ་ལུང་དུ། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་༧རྒྱལ་བ་ཐམས་ཅད་མཁྱེན་པས་དགོངས་བཞེས་གནང་བཞིན་པ་ནས། བོད་ཁ་བ་ཅན་གྱི་ཕྱོགས་སུ་མེད་དམ་སྙམ། ཞེས་ཕེབས་པར། རྗེས་སུ་༸གོང་ས་མཆོག་ནས་དེ་ཡི་ཐོག་ལ་བཀའ་ཕེབས་ན་ལེགས་ཞེས་བཀའ་ལུང་དང་། ཕྱི་ལོ་ ༡༩༩༤ ཟླ་ ༣ ཚེས་ ༣༠ ཉིན་བྱེས་ཀྱི་བཀྲ་ཤིས་ལྷུན་པོའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་ཚངས་པ་སྤྱན་འདྲེན་ཞུས་པའི་ལུང་དོན་ལ། ཡང་སྲིད་བོད་ནང་འཁྲུངས་ཡོད་པ་དང་། ༸གོང་ས་མཆོག་ནས་བརྟག་དཔྱད་གནང་བཞིན་པ་ལྟར་བློ་གཡེང་མ་དགོས་ཞེས་བཀའ་ལུང་ཕེབས་འདུག དེ་ནས་ཕྱི་ལོ་ ༡༩༩༤ ཟླ་ ༡༢ ཚེས་ ༣ ཉིན་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་དུས་བབས་ཡོད་མེད་ཟན་བརྟག་བསྒྲིལ་གནང་བར། དུས་ལ་བབས་ཡོད་ཅེས་ཐོན་པ་དང་།  ཕྱི་ལོ་ ༡༩༩༥ ཟླ་ ༡ ཚེས་ ༡༢ ཉིན་མོན་གྷོར་དུས་དབང་སྩལ་བའི་སྐབས་ནག་ཆུ་ལྷ་རི་རྫོང་ཁོངས་ཕ་དཀོན་མཆོག་ཕུན་ཚོགས་དང་། མ་བདེ་ཆེན་ཆོས་སྒྲོན་ཟུང་གི་བུ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་པ་དེ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་མིན་ཕྱག་མོ་གནང་བར། ཤིན་ཏུ་བཟང་པོ་བབས་པ་དང་། ཕྱི་ལོ་ ༡༩༩༥ ཟླ་ ༡ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་ཕོ་བྲང་དུ། སྐྱིད་གྲོང་ཇོ་བོ་དང་། ལྷ་མོའི་སྐུ་ཐང་སོགས་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བསྟར་འབུལ་ཐོག ༸པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་མཚན་ནས་སྨོས་པའི་དམིགས་བསལ་ཐུགས་སྨོན་དང་བཅས་གོང་གསལ་བུ་དགེ་འདུན་ཆོས་ཀྱི་ཉི་མ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཡིན་མིན་བརྟག་བསྒྲིལ་གནང་བར། ཡིན་ཞེས་བབས། ད་དུང་སླར་ཡང་བརྟག་བསྒྲིལ་གནང་བར། ཡིན་ཞེས་པ་ཐོན་སྟབས་ཐུགས་དྭོགས་ཡོངས་སུ་ཆོད་དེ། བུ་དགེ་འདུན་ཆོས་ཀྱི་ཉི་མ་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཐུགས་གཏན་གཙང་འཁེལ་གནང་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད། དེ་ནས་ཕྱི་ལོ་ ༡༩༩༥ ཤིང་ཕག་བོད་ཟླ་ ༣ ཚེས་ ༡༣ སྔ་དྲོ་གནས་ཆུང་གི་ལུང་དོན་ལ། སློབ་དཔོན་མཐོང་བ་དོན་ལྡན་མཆོག་ནས་གསང་བ་གསུམ་གྱིས་བརྟག་དཔྱད་མཛད་པ་ལས་ལྷག་གཟུགས་མེད་ངོས་ནས་སྨྲ་བ་མི་དགོས་ཞེས་ཕེབས་པ་དང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༣ ཉིན་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཏན་འཁེལ་བསྒྲགས་ཤིང་ཕག་བོད་ཟླ་ ༣ ཚེས་ ༡༥ ཉིན་གནང་ན་བཟང་དང་། རེ་ཞིག་ངང་འཐེན་གནང་ན་བཟང་ཞེས་ཟན་བརྟག་བསྒྲིལ་གནང་བར། ཤིང་ཕག་བོད་ཟླ་ ༣ ཚེས་ ༡༥ ཉིན་གསལ་བསྒྲགས་གནང་ན་བཟང་ཞེས་ཐོན་པ་ལྟར་གསལ་བསྒྲགས་གནང་ཡོད་པ་རེད།

དེ་ནས་ཕྱི་ཚེས་ ༡༧ རྗེས་ནས་བཟུང་སྟེ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་ག་བར་བཞུགས་ཡོད་པ་དང་། གནས་སྟངས་གང་འདྲ་ཡོད་པ་ང་ཚོ་སུ་ཞིག་གིས་ཀྱང་ཤེས་རྟོགས་ཡོད་མ་རེད། ད་ལྟ་ང་ཚོས་གདན་འདྲེན་ཞུས་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འདི་ཡང་ཁོང་དགུང་ལོ་ ༦ ལ་ཕེབས་པའི་སྐུ་པར་དེ་རེད་མ་གཏོགས། དེ་མིན་སྐུ་པརགཞན་དགཡོད་མ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོནཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་དེ་ང་ཚོ་བོད་མི་མང་གི་བསོད་ནམས་ཀྱི་མི་ཆུན་པ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད། གཅིག་བྱས་ན་ཁོང་གི་ཡང་སྲིད་དེ་ཡང་ང་ཚོས་དངོས་སུ་མཇལ་རྒྱུ་མེད་པ་དང་། ད་ལྟའི་གནས་བབ་དེ་ཡང་ང་ཚོའི་བསོད་ནམས་ཀྱི་མི་འཆུན་པ་མིན་ནམ་བསམ་གྱི་འདུག དེ་འདྲ་ཡིན་ཙང་ང་ཚོས་བྱེད་ཐུབ་པ་དེ་རྒྱལ་སྤྱིའི་རྒྱབ་སྐྱོར་བཙལ་རྒྱུ་དེ་རེད། སྤྱི་ཡོངས་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཡག་ཐག་ཆོད་ཡོད་རེད། ང་རང་ཚོ་བསོད་ནམས་ཀྱི་མི་འཆུན་པར་བརྟེན་ནས་ཡིན་སྟབས། བསོད་ནམས་གསོག་རྒྱུ་དེ་ང་ཚོས་བྱེད་དགོས་རེད་མ་གཏོགས་གཞན་དག་ཅིག་ལ་སྐྱབས་བཅོལ་རྒྱུ་ཞིགཡོད་མ་རེད། དེ་ནས་ད་ལྟ་༧པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་མཛད་སྒོ་གནང་གི་ཡོད་ཀྱང་། ཁོང་གི་གནས་བབ་དངོས་སུ་གང་འདྲ་ཡོད་མེད་སུ་ལའང་ཤེས་རྟོགས་ཡོད་མ་རེད། དེ་འདྲ་ཡིན་ཙང་ཕྱོགས་གཅིག་ནས་བློ་ཕངས་པོ་རེད།

བྱས་ཙང་དེ་རིང་གི་སྡིངས་ཆ་འདི་བརྒྱུད་ད་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། ཕྱག་ལས་གནང་མཁན་ཚང་མས་དེའི་ཐོག་གྲོས་ཆོད་བཞག་པ་སོགས་ཐུགས་སྣང་ཆེན་པོ་གནང་ཡོད་རེད། ད་དུང་ཡང་རྒྱ་ཆེ་རུ་གནང་ནས་དུས་སང་༧པཎ་ཆེན་རིན་པོ་ཆེ་མཆོག་དེར་བཞུགས་འདུག ཁོང་གི་གནས་བབ་དེ་འདྲ་ཞིག་འདུག་ཅེས་བཟོ་ཐུབ་དགོས་རྒྱུའི་ཐོག་མུ་མཐུད་འབད་བརྩོན་གནང་དགོས་པ་གལ་ཆེན་པོར་བརྩིས་དགོས་པའི་འབོད་སྐུལ་དང་། མཐའ་དོན་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་ཐུགས་ཀྱི་བཞེད་དགོངས་མཐའ་དགའབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡོད་ཅེས་གསུངས་གནང་ཡོད་འདུག

 དེ་ཉིན་ཕྱི་དྲོ་གདན་ས་བཀྲ་ཤིས་ལྷུན་པོའི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་སྐུ་མགྲོན་རྣམ་པ་དང་། མི་མང་བཅས་འདུ་འཛོམས་ཐོག་མར་མེའི་ཁྲོམ་སྐོར་གྱི་མཛད་སྒོ་ཞིག་ཚོགས་གནང་འདུག་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་མི་རིགས་གསོན་པོར་གནས་རྒྱུའི་ཆེད་དུ་ང་རང་ཚོའི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་སོགས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་རྒྱུར་སྐུ་ལས་བརྒྱ་ཕྲག་མཛད་ཡོད་པ་དང་། ཁོང་གིས་སྐུ་ལས་མཛད་པ་དེ་དག་ཆུད་ཟོས་སུ་མིའགྲོ་བའི་ཐོག་ནས་རྒྱུན་སྐྱོང་དགོས་རྒྱུ་དེ་ང་རང་ཚོ་ཚང་མར་འཁྲི་བའི་ལས་འགན་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་ཙང་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་གང་དང་གང་མཛད་པ་དེ་དག་དེ་རིང་ཁ་སང་དྲ་ལམ་དང་། དེབ་ཐེར་བརྒྱུད་གཟིགས་རྒྱུ་ཡོད་རེད། དེ་དག་སློབ་སྦྱོང་གནང་བའི་ཐོག་ང་ཚོས་ག་རེ་བྱེད་དགོས་པ། གང་འདྲ་གནང་དགོས་ཀྱི་འདུག་པ་བཅས་ལག་བསྟར་གནང་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

དེ་དང་འབྲེལ་ནས་ང་ཚོ་མིའི་ལུང་པའི་ནང་གྱར་ནས་གནས་བསྡད་ཡོད་རེད། ང་ཚོ་བོད་མི་བཙན་བྱོལ་བ་སྦར་མཐིལ་གང་ཙམ་ལས་མེད་པ་དེ་རྒྱ་གར་འཕགས་པའི་ཡུལ་གཙོ་བོར་གྱུར་བའི་ས་གནས་གང་སར་ཁྱབ་བསྡད་ཡོད་རེད། ང་ཚོ་མིའི་ལུང་པར་གནས་ཡོད་པ་ཚོར་ལས་འགན་དམིགས་བསལ་ཞིག་ཡོད་རེད། བོད་ནང་ཡོད་པའི་བོད་མི་རྣམས་ནས་གཅིག་བྱེད་དགོས་འདུག་བསམཡངརང་དབང་ཡོད་མ་རེད། ང་རང་ཚོ་མིའི་ལུང་པའི་ནང་རང་དབང་ཡོད་ཙང་སྣང་མེད་ཐོག་ནས་སྐད་ཡིག་ཡིན་ནའང་རེད། ཆོས་དང་རིག་གཞུང་ལ་སོགས་ཉམས་པ་ཡིན་ན་ཧ་ཅང་གི་ཕངས་པོ་རེད། དེ་འདྲ་མ་ཡོང་བ་ཞིག་ང་ཚོ་ཚང་མས་ཐུགས་འགན་བཞེས་དགོས་རེད་ཅེས་ཞུ་འདོད་བྱུང་།

དེ་ནས་ད་ལྟ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བཀའ་དྲིན་བླ་ན་མ་མཆིས་པ་དང་། དལ་འབྱོར་མི་ལུས་བརྒྱ་ཕྲག་ཐོབ་ཀྱང་བཀའ་དྲིན་གསབ་ཐུབ་ཐབས་བྲལ་བ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད་རེད། ཁོང་ད་ལོ་དགུང་ཀེག་འཁེལ་ཡོད་རེད། དེ་ཡང་དགུང་ན་གཞོན་པའི་དགུང་ཀེག་མ་ཡིན་པར། དགུང་ན་སྨིན་པའི་དགུང་ཀེག་རེད། ཁོང་གི་དགུང་ཀེག་སྐབས་དེར་ལེགས་སྐྱེས་ཡིན་ནའི་རེད། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ག་རེ་འབུལ་དགོས་ཀྱི་འདུག་ཅེ་ན། ང་ཚོ་བོད་པ་ཚོ་རྡོག་རྩ་གཅིག་སྒྲིལ་ཐོག་རྩ་དོན་སྒྲུབ་དགོས་པ་གནད་འགག་ཆེན་པོ་ཆགས་ཀྱི་འདུག ང་རང་ཚོ་མིའི་ལུང་པར་བོད་མི་འབུམ་གཅིག་དང་ལྷག་ལྷག་གཅིག་མ་གཏོགས་ཡོད་མ་རེད། ང་རང་ཚོ་ནང་ཁུལ་བཤད་རེས་གཏུག་རེས་བྱས་བསྡད་པ་ཡིན་ན། དོན་དམ་ལ་རྩ་དོན་ཐོག་འགྲོ་རྒྱུའི་ཚབ་ཏུ་དུས་ཚོད་ཆུད་ཟོས་སུ་འགྲོ་བསྡད་པ། དྲ་ལམ་དེ་འདྲའི་ཐོག་ནས་མི་མང་པོ་ཞིག་གིས་བཤད་བསྡད་ཀྱི་ཡོད་རེད། དེས་དཔལ་འབྱོར་སོགས་ཆུད་ཟོས་དང་འཕྲོ་བརླག་འགྲོ་རྒྱུ་མ་གཏོགས་དོན་ལ་ཕན་ཐོགས་ཡོད་པ་ཞིག་མཐོང་གི་མི་འདུག དེ་འདྲ་ཡིན་ཙང་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུར། ང་ཚོས་ག་རེ་བྱེད་དགོས་ཀྱི་འདུག

དེའི་ཐོག་ལ་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་འདུག དེ་སྔོན་ང་ས་གནས་ཁག་ཅིག་ལ་འགྲོ་སྐབས། དེ་ལྟར་ཞུ་རྒྱུ་བྱུང་། བཙན་བྱོལ་སྤྱི་ཚོགས་ཡིན་ནའང་རེད། བཙན་བྱོལ་ལ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཡིན་ནའང་རེད། དེ་ཁ་ཐོར་དགུ་ཐོར་གཏོང་དགོས་བསམ་མཁན་དང་དེ་ལྟར་དམིགས་མཁན་ནི་རྒྱ་ནག་སྲིད་གཞུང་རེད། དེ་འདྲ་བའི་རྒྱ་ནག་སྲིད་གཞུང་གིས་བསམ་པ་དང་དམིགས་པ་ཇི་བཞིན་ཆེད་དུ་གཉེར་ནས་ལས་འགུལ་སྤེལ་རྒྱུར་སྦྱོང་བརྡར་སྤྲད་པའི་མི་མང་པོ་བཏང་ཡོད་རེད་བསམ་གྱི་འདུག དེ་ཚོས་ང་ཚོའི་སྤྱི་ཚོགས་ཁ་ཐོར་དགུ་ཐོར་གཏོང་རྒྱུའི་ཆེད་དུ་སྦྱོང་བརྡར་ཐོབ་ནས་ཡོང་བ་ཡིན་ཞེས་ལབ་ཀྱི་མ་རེད། མངོན་པར་མི་གསལ་བའི་ཐོག་ནས་ང་ཚོའི་སྤྱི་ཚོགས་ནང་ལ་འགལ་ཟླ་ག་པར་འདུག ཆོལ་ཁ་ནང་ཁུལ་འགལ་ཟླ་འདུག་གམ། ཡང་ན་ལུང་ཚན་ནང་ཁུལ་འགལ་ཟླ་འདུག་གམ། གང་ཟག་ནང་ཁུལ་འགལ་ཟླ་འདུག་གམ། ཁྱིམ་ཚང་ནང་ཁུལ་འགལ་ཟླ་འདུག་གམ་བཅས་ལ་བལྟས་ཏེ། འགལ་ཟླ་གང་ན་ཡོད་པ་དེར་གོ་སྐབས་བླངས་པའི་ཐོག་ནས་ང་ཚོའི་སྤྱི་ཚོགས་གཏོར་བཤིག་བཏང་དང་གཏོང་མུས་རེད། བྱས་ཙང་ང་ཚོའི་གྲུབ་ཆ་ནི་བོད་རང་དབང་སླར་གསོ་རེད། དེ་གྲུབ་པར་ང་ཚོ་རྡོག་རྩ་གཅིག་སྒྲིལ་ཐོག་ནས་ཕྱག་ལས་གནང་བ་ཡིན་ན། བོད་དོན་བདེན་མཐའ་གསལ་ཐབས་དེ་ལོ་བཅུའི་རྗེས་ལ་སྒྲུབ་ཐུབ་པ་ཞིག་ཡིན་ན། ལོ་ལྔའི་ནང་སྒྲུབ་ཐུབ་པ་དང་། ལོ་ལྔའི་ནང་སྒྲུབ་ཐུབ་པ་ཞིག་ཡིན་ན། ལོ་གཉིས་ནང་སྒྲུབ་ཐུབ་རྒྱུའི་རེ་བ་ཡོད།

ལྷག་པར་ད་ལོ་༸གོང་ས་མཆོག་གི་དགུང་ཀེག་འཁེལ་ཡོད་སྟབས། ང་རང་ཚོ་ནང་ཁུལ་འགལ་ཟླ་གང་ཡོད་པ་དེ་མེད་པ་བཟོས་ན། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དེ་རེད། བརྟན་ཞུགས་ངོ་མ་ཡང་དེ་ཆགས་ཀྱི་ཡོད། གཞན་ཡང་ང་ཚོས་༸རྒྱལ་བའི་བཀའ་སློབ་གང་ཕེབས་པ་རྣམས་ལ་སློབ་སྦྱོང་གནང་དགོས་པ་དང་། སློབ་སྦྱོང་གནང་བ་གཞིར་བཟུང་ལག་བསྟར་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་གནང་ཡོད་འདུག་པ་བཅས། །