དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོར་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་གཞུང་འབྲེལ་ཆེད་ཕེབས་གནང་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ རེས་གཟའ་ཕུར་བུ་ཉིན་༸ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་འཁེལ་གྱི་ཡོད་སྟབས། གདན་ས་བཀྲ་ཤིས་ལྷུན་པོར་སྲུང་བརྩི་ཞུ་རྒྱུའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོའི་ཐོག་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དམིགས་བསལ་སྐུ་མགྲོན་དང་། དགོང་དྲོའི་མར་མེའི་ཁྲོམ་སྐོར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བཅས་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

 

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་བརྒྱུད་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༥ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༦ ཉིན་སྦེལ་ཀོབ་གཞིས་ཆགས་ནས་སྦེང་ལོར་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །