དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ཅིག་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་‌‌ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༥ ནས་ ༡༨ བར་ཉིན་གྲངས་ ༤ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་དང་། ཚེ་རིང་དོན་ལྡན་གླིང་། གླིང་ཚང་གཞིས་ཆགས། དོན་གྲུབ་གླིང་གཞིས་ཆགས། ར་ཇ་པུར་བཟོ་གྲྭ། ཧར་པ་སྤུར། ཧི་མ་ཅཱལ་ཁུལ་སྤོན་ཊ་ཆོལ་གསུམ་གཞིས་ཆགས། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་བཅས་ལ་ མང་གཙོ་དང་ཆིག་སྒྲིལ། ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་ས་གནས་ཁག་ལ་རིམ་པས་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གྱིས་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་གནང་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༡༤ ཉིན་སྡེ་ར་ལྡུན་སེ་ལ་ཀུའི་ཉེ་འགྲམ་དུ་ཕེབས་འབྱོར་སྐབས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་བཅས་ནས་སྣེ་ལེན་ཕེབས་བསུ་དང་། གླིང་ཚང་གཞིས་ཆགས་ཉེ་འདབས་ཀྱི་གཞུང་ལམ་དུ་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་དང། སྡེ་ར་ལྡུན་ཁྱབ་ཁོངས་དང་བཅས་པའི་ས་གནས་འགོ་འཛིན། བདེ་སྐྱིད་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཅས་ནས་སྣེ་ལེན་ཕེབས་བསུ། ར་ཇ་པུར་བོད་ཁྱིམ་མགྲོན་ཁང་དུ་ཕེབས་འབྱོར་སྐབས་བོད་ཁྱིམ་གྱི་སློབ་སྤྱི་དང། དེའི་ཁུལ་གྱི་རང་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་བདེ་སྐྱིད་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་སྤྱི་མི་དང་། བརྒྱ་དཔོན། ས་གནས་མི་མང་ནས་སྣེ་ལེན་ཕེབས་བསུ་དང་། སྔ་དྲོའི་ཆུ་ཚོད་ ༩།༠༠ ནས་ ༡༢།༠༠ བར་བདེ་སྐྱིད་གླིང་གཞིས་ཆགས་སུ་མང་གཙོ་དང་ཆིག་སྒྲིལ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང། ས་གནས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས།

ཉིན་རྒྱབ་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས་དེ་གའི་སྤྱི་མི་དང་རང་ཚོགས། བརྒྱ་དཔོན་བཅས་ནས་སྣེ་ལེན་ཕེབས་བསུ་དང་། དེར་ཆུ་ཚོད་ ༡།༠༠ ནས་ ༣།༠༠ བར་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག དེ་ནས་གླིང་ཚང་གཞིས་ཆགས་སུ་ཕེབས་ཏེ་ས་གནས་སུ་འབྱོར་སྐབས་དྲུང་ཆེ་དང། མི་འཐུས། མི་མང་བཅས་ནས་སྣེ་ལེན་ཕེབས་བསུ་དང་། དེར་ཆུ་ཚོད་ ༤།༡༥ ནས་ ༦།༣༠ བར་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ པའི་ཐོག་དོན་གྲུབ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས་སྨིན་གྲོལ་གླིང་གི་ཕྱག་མཛོད་སྤྱི་ཟུར་བསྟན་སྐྱབས་ལགས་དང། གཞིས་འགོ ས་འཐུས་ཚོགས་གཙོ། རང་ཚོགས་ཚོགས་གཙོ། སློབ་གྲྭའི་འགན་འཛིན་བཅས་ནས་སྣེ་ལེན་ཕེབས་བསུ་དང་། ས་གནས་སུ་སྔ་དྲོའི་ཆུ་ཚོད་ ༩།༣༠  ནས་ ༡༢།༠༠ བར་ མང་གཙོ་དང་ཆིག་སྒྲིལ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ར་ཇ་པུར་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས་དེ་གའི་བཟོ་གྲྭའི་འགན་འཛིན་དང་ལས་དྲུང་བཅས་ནས་སྣེ་ལེན་ཕེབས་བསུ་དང་། དེ་གར་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་ ༣།༣༠ བར་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཧར་པ་སྤུར་དུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། དེ་གའི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། རང་ཚོགས་ཚོགས་གཙོ་བཅས་ནས་སྣེ་ལེན་ཕེབས་བསུ་དང་། དེར་སྔ་དྲོའི་ཆུ་ཚོད་ ༩།༣༠ ནས་ ༡༢།༠༠ བར་ མང་གཙོ་དང་ཆིག་སྒྲིལ།ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ས་གནས་སུ་སྤོན་ཊ་ཆོལ་གསུམ་གྱི་ས་གནས་འགོ་འཛིན་སྣེ་ལེན་ཕེབས་བསུར་བཅར་ཡོད་ཅིང་། ཁོང་དང་ལྷན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་འཐུས་ཚོགས་གཙོ་དང། རང་ཚོགས་ཚོགས་གཙོ། ཚོགས་པ་ཁག་གི་ཚོགས་གཙོ་གཙོས་པའི་མི་མང་བཅས་ནས་ལག་ཏུ་མཇལ་དར་ཐོགས་ཏེ་གྲལ་བསྟར་གྱིས་སྣེ་ལེན་ཕེབས་བསུ་ཞུས་གནང་རྗེས། གཞིས་ཆགས་ཀྱི་དགོན་པ་དང། ལས་ཁུངས། ས་གནས་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པའི་ལས་ཁུངས། ཕྱི་ནང་སྨན་ཁང་། སྒོ་དང་སྒེའུ་ཁུང་གི་བཟོ་གྲྭ ལྷ་མོ་ཚོགས་པའི་ལས་ཁུངས་བཅས་སུ་གཟིགས་སྐོར་སྣེ་འཁྲིད་གནང་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤོན་ཊ་གཏན་སློབ་ཀྱི་ཞོགས་པའི་འདུ་འཛོམས་སུ་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེར་ཐོག་མར་སློབ་ཕྲུག་དང་དགེ་རྒན་བཅས་པས་སྐར་མ་ ༥ རིང་སྒོམ་བརྒྱབ་རྗེས་སློབ་ཕྲུག་ཁག་ཅིག་ནས་བོད་ཨིན་སྐད་ཡིག་ཐོག་གསར་འགྱུར་སྒྲོགས་སྦྱང་དང་། དེ་ནས་འཛིན་རིམ་དྲུག་པའི་སློབ་མ་ཁག་ཅིག་ནས་རིགས་ལམ་རྩོད་པ་གནང་འདུག དེ་རྗེས་སློབ་སྤྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། དཔལ་ལྡན་ཚོགས་གཙོ་མཆོག་གིས་དགེ་སློབ་ལ་སྨན་པའི་གསུང་བཤད་གནང་ཡོད་འདུག་པ་དང་། དེ་ནས་སློབ་གྲྭའི་ཉལ་ཁང་དང། འཛིན་ཁང་བཅས་ལ་གཟིགས་སྐོར་དུ་སྣེ་འཁྲིད་གནང་འདུག

དེ་བཞིན་སློབ་གྲྭ་དེར་སློབ་མའི་བཀའ་ཤག་གྲོས་ཚོགས་ཞེས་པ་ཞིག་ཡོད་འདུག་པ་དང་། དེར་ཁོང་རྣམ་པ་ལྷན་ཚོགས་གནང་བའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་ཟུར་ཉན་གྱི་ངོ་བོར་མགྲོན་འབོད་ལྟར་ཆེད་བཅར་གནང་འདུག་པ་མ་ཟད། ཚོགས་འདུ་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུས་པ་ལྟར། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུའི་ནང་སྐྱོན་གནད་གང་དང་གང་བྱུང་བ་དང་། མ་འོངས་གནང་ཕྱོགས་བཅས་ཀྱི་སྐོར་ལམ་སྟོན་གནང་ཡོད་འདུག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ནས་ ༡༢།༠༠ བར་མི་མང་ལ་མང་གཙོ་དང་ཆིག་སྒྲིལ།ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས།  སྤུ་རུ་ཝ་ལ་ས་གནས་འགོ་འཛིན་དང་། ཚོགས་པའི་དྲུང་ཆེ། ས་འཐུས་ཚོགས་གཙོ་བཅས་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་སྣེ་ལེན་ཕེབས་བསུར་བཅར་ཞིང་། དེ་ནས་ཁོང་རྣམས་དང་ལྷན་སྤུ་རུ་ཝ་ལ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས་སློབ་ཕྲུག་རྣམ་པས་རྔ་རོལ་དང་བཅས་མི་མང་རྣམས་ནས་ལག་ཏུ་མཇལ་དར་ཐོགས་ཏེ་གྲལ་བསྟར་གྱིས་སྣེ་ལེན་ཕེབས་བསུ་གནང་རྗེས། ས་གནས་སུ་ཆུ་ཚོད་ ༢།༠༠ ནས་ ༤།༣༠ བར་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག་པ་བཅས། །