བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩིའི་ཐོག་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་གཞུང་འབྲེལ་གསོལ་སྟོན་བཤམས་པ།

 

༄༅། །བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩིའི་མཛད་སྒོའི་ཐོག་ཕེབས་པའི་ཡུ་རོབ་དང་། འཇར་མ་ནི། (Germany) ཁེ་ན་ཌ། (Canada) ཨི་ཊ་ལི། (Italy) སི་ལོ་ཝ་ཀི་ཡ། (Slovakia) ཐེ་ཝན། (Taiwan)  ཀེན་ཡ། (Kenya) པི་རུ། (Peru) ལྷོ་ཨ་ཕི་རི་ཀ། (South Africa) ཨུ་རུ་སུ། (Russia) རྒྱལ་ཁབ་བཅས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༤༥ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྣེ་ལེན་འཚམས་འདྲི་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་ཁག་ངོ་སྤྲོད་གནང་རྗེས། སྐུ་མགྲོན་རྣམ་པས་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་དྲི་བ་ཕུལ་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་ཕྱི་དྲོ་ཆུ་ཚོད་ ༧ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ནོར་བུ་གླིང་ཁའི་གསོལ་མགྲོན་ཁང་དུ་གྲོས་ཚོགས་འཐུས་མི་རྣམ་པར་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་ཕྱིའི་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པར་འཚམས་འདྲི་དང་སྦྲགས། གསུང་དོན། དེ་རིང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཤིན་ཏུ་ནས་གལ་འགངས་ཆེ་བའི་ཉིན་མོ་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་ཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩིའི་ཐོག་ཁྱེད་རྣམས་བཞུགས་སྒར་དུ་ཕེབས་པར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམས་མཛད་བྲེལ་ཧ་ཅང་ཆེན་པོ་ཡིན་ཡང་། དེ་རིང་གི་དུས་ཚོད་དམིགས་བསལ་ཅན་འདིར་བོད་དོན་ཐོག་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་སླད་འདིར་ཕེབས་པར་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་རྒྱབ་སྐྱོར་གྱིས་ང་ཚོར་བོད་ཀྱི་གནད་དོན་དབུ་མའི་ལམ་གྱི་ཐོག་ནས་གསལ་རྒྱུར་བློ་སྟོབས་སྤེལ་བ་དང་ཕན་ཐོགས་ཆེན་པོ་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཟུང་སྦྲེལ་ཐོག་རྒྱལ་ཁབ་འདྲ་མིན་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོང་འཚོགས་གནང་བཞིན་ཡོད་པ་དང་། ད་བར་རྒྱལ་ཁབ་འདྲ་མིན་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ ཚོགས་གནང་ཡོད། ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་གནང་ཡོད་པ་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝེ་ནི་ཡའི་གྲོང་ཁྱེར་ཝིལ་ནི་ཡ་ས་དང་། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སི་ཀོ་ཊི་ལེན་ཌིའི་རྒྱལ་ས་ཨི་ཌིན་བྷར། ལྔ་པ་ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་རྒྱལ་ས་རོམ། དྲུག་པ་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་བཅས་ལ་ཚོགས་གནང་ཡོད།

ཕྱི་ལོ་ ༢༠༡༩ ཟླ་ ༥ པའི་ཚེས་ ༧ ནས་ ༡༠ བར་ལ་ཊི་ཝི་ཡའི་རྒྱལ་ས་རི་གར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་དེ་བཞིན་གོ་སྒྲིག་གནང་འཆར་ཡོད་པ་དང་། ཁྱེད་རྣམ་པ་ཁག་ཅིག་གིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མྱོང་ཡོད་པ་དང་། ཚོགས་ཆེན་སྐོར་ལ་མཁྱེན་རྟོགས་ཡོད་པ་རེད།

ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་ནི་ཕན་ཚུན་གནས་ཚུལ་སྤེལ་རིས་དང་། ད་ལྟའི་གནས་སྟངས་ལ་བསྐྱར་ཞིབ། གྲོས་ཚོགས་བརྒྱུད་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ནང་ཁྱབ་སྤེལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཐོག་ནས་བོད་ཀྱི་གནད་དོན་ཞི་འགྲིག་ཡོང་རྒྱུར་རྒྱལ་ཁབ་ཁག་གི་གཞུང་གི་ངོས་ནས་རྒྱབ་སྐྱོར་ཚད་ལྡན་ཡོང་ཐབས་དང་། དེ་བཞིན་བོད་ནང་འགྲོ་བ་མའི་ཐོབ་ཐང་ཉམས་རྒུད་དུ་འགྲོ་བཞིན་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་ཉམས་ཉེས་སུ་འགྲོ་བཞིན་པའི་སྐོར་བཅས་ཀྱི་ཐོག་ལའང་བཀའ་བསྡུར་གནང་གི་ཡོད།

གཞན་ཡང་ཚོགས་ཆེན་དེ་བརྒྱུད་འབྱུང་འགྱུར་རྒྱ་ནག་གཞུང་གི་འགོ་འཁྲིད་ལ་འགྱུར་བ་ཕྱིན་རྗེས། བོད་དོན་ཐོག་ཤུགས་རྐྱེན་གང་ཐེབས་མིན་ཐད་དཔྱད་ཞིབ་བྱ་རྒྱུར་ཡང་གལ་ཆེན་པོ་ཆགས་ཀྱི་ཡོད། གྲོས་ཚོགས་འཐུས་མི་རྣམ་པ་མཛད་བྲེལ་ཆེ་བའི་རྐྱེན་གྱིས། ཚོགས་ཆེན་དེ་ཉིན་གཉིས་རིང་འཚོགས་ཀྱི་ཡོད།

བྱས་ཙང་ངས་ཁྱེད་རྣམ་པ་ལ་ཊི་ཝི་ཡར་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པའི་ཐོག་མཉམ་ཞུགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

ཁྱེད་རྣམས་རྡ་སར་ཕེབས་ནས་གསུམ་བཅུའི་དུས་དྲན་ཐོག་མཉམ་ཞུགས་གནང་བ་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

དགོང་དྲོའི་གསོལ་སྟོན་ཐོག་ ༡) བྷོཌ་སྭ་ན་ (Botswana)  ཡུལ་གྱི་སྲིད་འཛིན་ཟུར་པ་འབུམ་རམས་པ་སྐུ་ཞབས་ཨེ་ཡན་ཁ་མ་ (Ian Khama) མཆོག་དང་།  ༢) ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ (Thomas Mann) མཆོག ༣) འཇར་མ་ནིའི་ (Germany) གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་བྷརནྜ་ (Mr. Michael  Brand) མཆོག ༤) ཨི་ཊ་ལིའི་ (Italy) གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེན་ཊོ་ནི་ལ་ ཨིན་ཅར་ཏི་ (Ms. Antonella Incerti) མཆོག  ༥) གླིང་ཆེན་ཨ་ཕི་རི་ཀའི་ཀེན་ཡ་རྒྱལ་ཁབ་ (Kenya) ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་སིལ་ཝ་སི་ ཨ་ན་མི་ (Mr.Silverse Anami) མཆོག 

༦) ཁེ་ན་ཌའི་ (Canada) གྲོས་ཚོགས་འཐུས་མི་སྐུ་ཞབས་གར་ནེ་ཌི་ ཇི་ནེ་སི་ (Mr. Garneti Genius) མཆོག་དང་། ༧) ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལིན་ཌ་ ཌུང་ཀན་ (Ms. Linda Duncan) མཆོག  ༨) སི་ལོ་ཝ་ཀི་ཡའི་ (Slovakia) གྲོས་ཚོགས་འཐུས་མི་ལྕམ་སྐུ་ལུ་ཤི་ཡ་ ཌུ་རི་སི་ ནི་ཀོལ་སོ་ནོ་ཝ་ (Ms. Lucia  Duris Nicholsonova) མཆོག་དང་། ༩) སི་ལོ་ཝ་ཀི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཊིན་ པོ་ལི་ཡ་ཅིག་ (Mr.Martin Poliacik) མཆོག    ༡༠) པི་རུ་ (Peru) རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེལ་བྷེ་ཊོ་ ཌི་ བྷི་ལན་ཌི་ (Mr. Albeto de Belaunde) མཆོག    ༡༡) ལྷོ་ཨ་ཕི་རི་ཀའི་ (South Africa) གྲོས་ཚོགས་འཐུས་མི་ལྕམ་སྐུ་སེན་ཌི་  ཀལ་ཡཱན་ (Ms. Sandy Kalyan) མཆོག  ༡༢) ཐེ་ཝན་ (Taiwan) གྱི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མེ་ནུ་ཡུ་ (Ms.Mei Nu Yu) མཆོག  ༡༣) ཨུ་རུ་སུའི་ (Russia) གྲོས་ཚོགས་འཐུས་མི་སྐུ་ཞབས་ (Mr. Mikhail Mutulov) མཆོག་བཅས་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕེབས་གནང་ཡོད་པ་བཅས། །