༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༡ ཉིན་རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་ཆོས་ཕྱོགས་ཀྱི་མཛད་སྒོའི་ཐོག་དཔལ་ས་སྐྱ་༧སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་མཉམ་ཞུགས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་འདུག
ཕྱི་ཚེས་ ༢༢ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་གནས་ཀྱི་རྐང་རྩེད་སྤོ་ལོ་ཐང་ཆེན་དུ་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ས་སྐྱའི་བདག་མོ་རྣམ་པ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་གྲོས་ཚོགས་འཐུས་མི་སྐུ་ཞབས་སུཁ་རཱམ་ཅོ་དི་རི་ (Sukh Ram Chaudhary) མཆོག དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག གཞན་ཡང་སྐུ་མགྲོན་དུ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག འཕགས་བོད་མཛའ་འབྲེལ་ཆོགས་པའི་ཚོགས་གཙོ་སྐུ་ཞབས་ (Dr. Madan Lal Khurana) མཆོག་དང་དྲུང་ཆེ་ (Shri Gita Ram Thakur) མཆོག མཁན་པོ་བླ་སྤྲུལ་རྣམ་པ། ས་གནས་འགོ་འཛིན་ཟུར་པ་རྣམ་པ། དེ་བཞིན་ཁུལ་དེའི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་དང་། ས་གནས་སེར་སྐྱ་མི་མང་། ཕྱི་ནང་གི་གསར་འགོད་ཁག་ཅིག་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ཙམ་ཚང་འཛོམས་ཐོག་ཕྱི་ལུགས་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག
སྐབས་དེར་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་མཛད་སྒོར་ཕེབས་པའི་༧སྐྱབས་མགོན་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ༧སྐྱབས་མགོན་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་བླ་མ་དགེ་འདུན་རྣམ་པར་སྒོ་གསུམ་གུས་ཕྱག་དང་བཅས། མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། གཞན་ཡང་ས་གནས་མི་མང་ཡོངས་ལ་ཐོག་མར་ངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མཛད་སྒོ་འདིའི་ཐོག་གཞིས་ཆགས་འདི་བཞིན་ཐོག་མར་ཕྱག་བཏབ་ལུགས་འདེབས་སྟངས་སོགས་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟ་རྒྱུ་ནི་གལ་གནད་ཆེ་བར་མངོན། གང་ཡིན་ཞེ་ན་དེང་གི་ཆར་དེའི་སྐབས་ཀྱི་སྐུ་ལས་བསྐྱོན་མཁན་ཉུང་ཤས་ལས་ལྷག་མེད་སྟབས། རྒན་རབས་ཚོར་དེའི་སྐབས་ཀྱི་གནས་སྟངས་དྲན་གསོ་ཡོང་ཐབས་དང་། ད་ལྟ་གཞིས་ཆགས་འདིར་འཚོ་བཞིན་གནས་སྡོད་བྱེད་མཁན་ན་གཞོན་ཚོས་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་གང་དང་གང་བསྐྱོན་གནང་བ་མཁྱེན་རྟོགས་ཡོང་བ་དང་འབྲེལ། ཁོང་རྣམ་པས་སྐུ་ལས་བསྐྱོན་པར་བཀའ་དྲིན་བསམ་ཤེས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེས་ན་མདོར་བསྟན་གྱིས་ཚུལ་དུ་ས་བཅད་མ་སྟོང་ཙམ་ཞིག་ཞུ་བར་བྱ། དེ་ཡང་ཡིག་ཆ་ཁག་ལ་ཞིབ་སྐབས་གཞིས་ཆགས་འདི་བཞིན་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་བཞི་བཅུ་ཞེ་གཅིག་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་ས་སྐྱའི་ཆོས་གཞིས་འཛུགས་རྒྱུའི་དགོངས་བཞེས་འཁྲུངས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་གསན་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་ནས་བཀའ་བཞེས་བཟང་པོ་ཐོབ་པའི་རྗེས་རྒྱ་གར་མངའ་སྡེ་ཨུ་ཏྟར་པྲ་དེཤ་དང་ཧི་མྰ་ཅལ་མངའ་སྡེ་སོ་སོར་འཚོལ་ཞིབ་སླད་སྐུ་ཚབ་ཆེད་གཏོང་གནང་མཐར། ཕྱི་ལོ་ ༡༩༦༨ ལོར་ཧི་མྰ་ཅལ་མངའ་སྡེའི་སིར་མུར་རྫོང་ཁོངས་ས་གནས་སྤུ་རུ་ཝ་ལར་ དྰན་སིངྒ་ (Dhan Singh) ཞེས་པའི་ས་བདག་ཞིག་གི་དྲུང་ནས་སྡོད་གནས་ཁང་པ་དང་ས་ཆ་ཨེ་ཀར་ ༡༦༠ ཙམ་ཡོད་པ་སྤུས་ཉོས་གནང་། གཞིས་ཆགས་འདིའི་ས་རིན་དང་ཁང་པ་བརྒྱབ་རྒྱུ་ལ་སོགས་པའི་ཆེད་རོགས་དངུལ་གནང་མཁན་ (European Refugee Campaign,Swiss Aid to Tibetans,Catholic Relief Services) སོགས་ནས་དེའི་སྐབས་ལྡི་ལིར་ཡོད་པའི་བོད་མིའི་བཟོ་ལས་ཚོགས་པ་སྟེ་ (Tibetan Industrial Rehabilitation Society) ཞེས་པ་བརྒྱུད་ནས་གནང་སོན་བྱུང་། ཐོག་མའི་ཆར་ཚོགས་པ་དེའི་ཐུགས་འགན་གཙོ་བོ་བཞེས་མཁན་ (World Council) ཞེས་པའི་སྐུ་ཚབ་སྐུ་ཞབས་ (G.Brewester) ལགས་ཀྱིས་གནང་ཞིང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། ས་གནས་རྒྱ་གར་གཞུང་བཅས་ལ་འབྲེལ་མོལ་ཞུས་ནས་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་བཟོ་གཞིས་ཁག་གི་ཆེད་རོགས་སྐྱོར་གནང་རྒྱུར་ (TIRS) བོད་མིའི་བཟོ་ལས་ཚོགས་པ་དེ་ཆེད་འཛུགས་གནང་། ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་སུ་རྒྱ་གར་དབུས་གཞུང་གི་ནང་སྲིད་དྲུང་ཆེ་དང་། ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སོགས་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་དང་། རང་གཞུང་ཕྱོགས་ནས་ནང་སྲིད་བཀའ་བློན་དང་ལྡི་ལི་དོན་གཅོད་སོགས་ཡོད་འདུག དེས་ན་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐོག་མར་གསར་འཛུགས་གནང་མཁན་༧སྐྱབས་མཆོག་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། རྒྱུ་སྦྱོར་གནང་མཁན་རོགས་ཚོགས་ཁག དེ་བཞིན་ཐོག་མར་གཞིས་ཆགས་འདིའི་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་ནས་སྐུ་ལས་བསྐྱོན་མཁན་ཕྱི་ནང་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
གཞིས་ཆགས་འདི་བཞིན་ཕྱི་ལོ་ ༡༩༦༩ ལོར་ས་སྐྱ་བོད་མིའི་ཚོགས་པ་ཞེས་པའི་མིང་ཐོག་ཧི་མྰ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་རུ་དེབ་སྐྱེལ་ཞུས་ཤིང་། མི་མང་བྱིངས་རྣམས་མ་ན་ལི་ནས་ས་གནས་འདིར་གནས་སྤོས་གནང་། ཕྱི་ལོ་ ༡༩༦༩ ཟླ་ ༡༡ ཚེས་ ༡༠ ཉིན་ཐོག་མར་༧སྐྱབས་མཆོག་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གྱིས་བདུན་ཕྲག་གསུམ་ཙམ་བཞུགས་ཞག་གནང་ཡོད་པ་དང་། ལོ་ངོ་གཅིག་དང་ཕྱེད་ཙམ་རིང་གཞིས་མི་མང་ཆེ་བ་རྩྭ་གུར་ནང་བསྡད་དགོས་བྱུང་འདུག་པ་དང་། རིམ་བཞིན་གཞིས་ཁང་དང་། སློབ་གྲྭ། སྨན་ཁང་། བུ་བཅོལ་ཁང་། རུམ་གདན་བཟོ་གྲྭ་ལ་སོགས་འཛུགས་བསྐྲུན་གནང་། མི་མང་གང་འཚམས་ནས་ཨར་ལས་དང་། རྒན་པ་ཚོས་ཞིང་ལས་བྱེད་འགོ་བཙུགས། ཕྱི་ལོ་ ༡༩༧༢ ལོར་གཞིས་ཁང་གསར་རྒྱག་ཟིན་ཏེ་རྒྱན་བསྐྱུར་གྱིས་ཆ་བགོས་གནང་འདུག ཐོག་མར་གཞིས་ཆགས་འདི་བཙུགས་པའི་སྐབས་ཁྱིམ་ཚང་ ༡༡༠ དང་མི་འབོར་ ༤༥༠ ཙམ་ཡོད་འདུག་པ་དང་། གཞིས་ས་ཁྱོན་ཨེ་ཀར་ ༡༦༠ ཙམ་ཡོད་འདུག་པ་ས་ཆ་མང་བ་ཞིང་ས་བྱེད་བཞིན་ཡོད་བཟོར་མཆིས། གཞིས་ཆགས་ཀྱི་ཐོག་མའི་འཚོ་རྟེན་གཙོ་བོ་ཞིང་ལས་དང་རུམ་གདན་འཐག་ལས་བཅས་རེད་འདུག
ཕྱིས་སུ་དགུན་ཚོང་གནང་འགོ་བརྩམས་འདུག དེ་ནས་རིམ་པས་བཤད་གྲྭ་ལ་སོགས་པ་བཙུགས་གནང་མཛད་ཡོད་འདུག མདོ་དོན་ཡང་སྙིང་ཐོག་མར་གཞིས་ཆགས་འདི་བཙུགས་པའི་སྐབས་དང་ད་ལྟའི་བར་གྱི་གནས་སྟངས་ལ་འགྱུར་བ་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། འགྱུར་བ་དེ་དག་ནི་སྔ་མ་སྔ་མའི་རྒན་རབས་ཚོས་ལྷག་བསམ་རྨ་མེད་པ་དང་སེམས་ཤུགས་གཡོ་བ་མེད་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། གཞིས་ཆགས་འདི་བཙུགས་པ་ལ་བརྟེན་ནས་ནང་བསྟན་སྤྱི་དང་། ཡང་སྒོས་དཔལ་ལྡན་ས་སྐྱ་པའི་བསྟན་པ་དེ་འཛིན་དང་བཅས་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་བྱ་གཞག་རླབས་པོ་ཆེ་གྲུབ་ཡོད་པ་དང་། གཞན་ཡང་གཞིས་ཆགས་འདིར་སྐྱེས་ཤིང་ཐོག་མར་ཀ་ཁ་ནས་བཟུང་སློབ་སྦྱོང་མཐར་སོན་གྱིས་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་བའི་སྤྱི་པའི་ཞབས་འདེགས་སྒྲུབ་མཁན་ཇི་སྙེད་ཅིག་བྱུང་དང་ཡོང་བཞིན་པ་བཅས་ཆགས་ཡོད། དེས་ན་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་གཞིས་ཆགས་འདི་བཙུགས་པ་ནས་བཟུང་ད་བར་གཞིས་ཆགས་འདིའི་ཆེད་འགོ་འདོམས་གནང་མཁན་ནས་ཡིག་སྐྱེལ་ཚུན་ལ་སོགས་ཞབས་འདེགས་ཞུ་མཁན་ཚང་མར་བཅོས་མིན་གྱིས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ལྡན་ས་སྐྱ་པའི་ ༧སྐྱབས་མགོན་རྣམ་པ་གཙོས་པའི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་འདུག་པ་བཅས། །