༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༦ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༡༡།༠༠ ཙམ་ལ་ཧི་མྰ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སའི་སྐོར་སྲུང་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༠ པ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད།
མཛད་སྒོའི་ཐོག་ཀངྒ་ར་རྫོང་ལས་ཁུངས་ནས་མགྲོན་འབོད་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་ཤིང་ནགས་དང་འགྲུལ་བཞུད། དེ་བཞིན་ན་གཞོན་རྩེད་རིགས་ལྷན་ཁང་གི་བློན་ཆེན་གཅིག་ལྕོགས་སྐུ་ཞབས་གྷོ་ཝིནྜ་ཋཱ་ཀུར་ (Shri Govind Thakur,Forest Minister along with Portfolios of Transport and Youth Services & Sports of Himachal Pradesh) མཆོག་ཕེབས་གནང་འདུག
དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས། ཉེན་རྟོག་རུ་ཁག་དང་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་གི་ལམ་ནས་ཆེ་མཐོང་ཞུས་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་བློན་ཆེན་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཆོག དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་སོགས་ནས་ཀངྒ་ར་རྒྱ་གྲམ་དམར་པོའི་ཚོགས་པ་ (Red Cross Society,Kangra) ཡིས་སྤྱི་ཚོགས་ཞབས་ཞུའི་ཆེད་གོ་སྒྲིག་ཞུས་པའི་རྒྱན་ཤོག་འཐེན་གནང་། དེ་རྗེས་ས་གནས་མི་མང་དང་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་མགྲོན་གཙོ་བོ་མཆོག་ལ་འཚམས་འདྲིའི་མཇལ་དར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ཧིན་དིའི་ནང་བསྒྱུར་ཡོད་པའིི་ “བཙན་བྱོལ་ནང་གི་རང་དབང་།”ཞེས་པའི་ཕྱག་དཔེ་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་བཅས། །