དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཧི་མཱ་ལ་ཡའི་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཟུང་སྦྲེལ་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་དུ་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༣ མཇུག་སྡོམ་མཛད་སྒོ་ཞིག་ཚོགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག གཞན་ཡང་སྤྱི་འཐུས་རྒྱུན་ལས་རྣམ་པ། ས་གནས་མི་མང་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། ཐོག་མར་ཧི་མཱ་ལ་ཡའི་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོ་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ཡང་ཕྱི་ལོ་༡༩༩༥ སྔོན་ཧིན་བོད་མཛའ་འབྲེལ་ཚོགས་པ་ཞིག་ཡོད་པ་དང་། དེ་གནས་སྟངས་ཤིག་གི་རྐྱེན་པས་མེད་པར་ཆགས་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༩༥ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་དང་བསྟུན། ཧིན་བོད་མཛའ་འབྲེལ་ཚོགས་པ་བསྐྱར་འཛུགས་གནང་སྟེ། དེ་རིང་བརྩིས་པའི་ལོ་ངོ་ ༢༣ འགྲོ་ཡི་ཡོད། ཧིན་བོད་མཛའ་འབྲེལ་ཚོགས་པའི་དམིགས་ཡུལ་དེ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་དང་། ཁོར་ཡུག་གཙང་བཟོ། ཤིང་སྣ་འདེབས་འཛུགས་གནང་རྒྱུ། གྲོང་གསེབ་ཁག་ལ་རིན་མེད་སྨན་སྦྱིན་གཏོང་རྒྱུ། སྨན་བཅོས་སྐོར་བསྐྱོད་གནང་རྒྱུ་སོགས་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཞིག་ཆགས་ཡོད།

གཞན་ཡང་རྒྱ་གར་དང་བོད་པ་ནང་ཁུལ་གྱི་མཐུན་ལམ་དང་། ལྷག་པར་རྡ་སའི་ས་གནས་ཡུལ་མི་དང་བོད་རིགས་ནང་ཁུལ་འབྲེལ་ལམ་གོང་སྤེལ་གཏོང་རྒྱུ། མི་རིགས་དབྱེ་འབྱེད་མེད་པར་དགེ་རྒན་དང་སློབ་མའི་འདུ་ཤེས་ཐོག་ནས་ཕན་ཚུན་རོགས་རམ་གནང་རྒྱུ། ཧི་མཱ་ཅལ་མི་རིགས་དང་བོད་པའི་དབར་སེམས་ཐག་ཉེ་པོ་བཟོ་རྒྱུ་སོགས་དམིགས་ཡུལ་གཞི་རྩར་བཟུང་བའི་ཐོག་ནས་ད་བར་ཕྱག་ལས་གནང་བར་བརྟེན་གྲུབ་འབྲས་ཀྱང་ཡག་པོ་ཐོན་ཡོད། དེ་ལྟ་བུའི་དམིགས་ཡུལ་བཟང་པོ་ཡོད་སྟབས། ཧི་མཱ་ཅལ་མངའ་གཞུང་དང་། བོད་མིའི་སྒྲིག་འཛུགས་ནས་ད་བར་ཧི་མྰ་ལ་ཡའི་དུས་སྟོན་ལ་མཐུན་འགྱུར་གནང་བསྡད་ཡོད་རེད། དེ་འདྲ་སོང་ཙང་ངས་རྣམ་པ་ཚོས་ཕྱག་ལས་ཧུར་ཐག་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། དེ་ལྟར་མ་མཐུད་ཕྱག་ལས་གནང་གི་རེད་བསམ་གྱི་འདུག་སོགས་གསུང་བཤད་གནང་ཡོད།

Menu