༄༅། །རྡ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ ནས་ ༩ བར་ཉིན་གསུམ་རིང་བོད་པའི་སློབ་གྲྭ་ཁག་གི་སྔོན་འགྲོའི་དགེ་རྒན་རྣམས་ལ་ “བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་” ཞེས་པའི་ཟབ་སྦྱོང་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཇི་ལྟར་གཏན་འབེབས་གནང་བའི་སྐོར་ལ་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཚོགས་ཁང་ནང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་སྟངས་དང་། དེའི་གལ་གནད་སྐོར་བཤད་དགོས་རེད་ཅེས་བཀའ་ཕེབས་སོང་། ངས་དེ་དུས་ནས་ཞུས་ཡོད། ང་ཤེས་ཡོན་སྲིད་བྱུས་ཐོག་ཁྱད་མཁས་མི་སྣ་དེ་འདྲ་མ་རེད། ཡིན་ནའང་གཏན་འབེབས་གང་འདྲ་རེད་ཅེ་ན། ང་ཚོགས་གཙོ་ཡིན་པའི་སྐབས་གཏན་འབེབས་གནང་བ་སོང་ཙང་། དེའི་བརྒྱུད་རིམ་ཕྲན་བུ་ངས་ཤེས་ཀྱི་རེད་མ་གཏོགས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དེ་ངས་བཤད་ཐུབ་པ་ཞིག་མ་རེད། དེ་ཡིན་ཙང་ཁ་སང་སྔོན་ནས་ཞུས་ཡོད། བྱུང་ན་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་གདན་འདྲེན་ཞུ་དགོས་པ་དང་། དེ་མིན་ཤེས་རིག་ལས་ཁུངས་ལ་ཟུར་དུ་སྡེ་ཚན་ཡོད་རེད། ཁོ་ཚོས་གཅིག་གསུང་པ་ཡིན་ན་ཐུགས་ཕན་གསོས་ཆེ་བ་ཡོད་རེད་ཅེས་ཞུས་པ་ཡིན།
རྩ་བའི་ཤེས་ཡོན་སྲིད་བྱུས་དེའི་རགས་ཟིན་ཐོག་མར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཟོས་པ་དེ་ཚོའི་གྲས་ཕྱི་ལོ་བརྒྱད་ཅུ་གྱ་གྲངས་སྐབས་ནས་མཇལ་མྱོང་། དེ་ཡིན་ཙང་ངས་བཤད་ཡག་དེ་དང་པོ་ཤེས་ཡོན་སྲིད་བྱུས་གང་འདྲ་གཏན་འབེབས་གནང་བ་རེད་ཅེས་ཞུས་ན། སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་རེད། དེ་ཡང་ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན་སྐབས་ ༡༡ པའི་སྤྱི་འཐུས་ཚོས་དམ་བཅའ་ཕུལ་བ་དང་། དམ་བཅའ་ཕུལ་གྲུབ་པའི་རྗེས་སྤྱི་འཐུས་རྣམས་ཚོགས་གསེང་ཞིག་བཏང་བ་རེད། དེ་ནས་སླར་ཡང་ལྷན་ཚོགས་གནང་བའི་སྐབས་ཚོགས་མགོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕེབས་པ་དང་། མགོན་པོ་གང་གིས་བཀའ་སློབ་ལམ་སྟོན་དང་འབྲེལ་ནས་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་སྩལ་གནང་བ་རེད། བཅའ་ཁྲིམས་རགས་ཟིན་གསུམ་པ་དེའི་ཐོག་ལ་རེ་རེ་བཞིན་བགྲོ་གླེང་གནང་རྗེས་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཅའ་ཁྲིམས་གཏན་འབེབས་གནང་བ་རེད། གཏན་འབེབས་གནང་བ་དེའི་ནང་ལེའུ་བཅུ་གཅིག་དང་། དོན་ཚན་ ༡༡༥ ཡོད་རེད། དེའི་ནང་ནས་ལེའུ་གསུམ་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གང་ཡིན་པ་ངོ་སྤྲོད་གནང་ཡོད། དེ་འདྲ་ཡིན་ཙང་སྲིད་སྐྱོང་དབུས་པའི་བཀའ་ཤག་གསར་པ་གང་འདྲ་ཞིག་ཕེབས་པ་ཡིན་ནའི་བླ་ན་མེད་པ་དང་། གོང་ན་མེད་པའི་བཅའ་ཁྲིམས་ནང་ལམ་སྟོན་གང་འདྲ་གནང་བ་གཟིགས་དགོས་པ་ཞིག་རེད། ལེའུ་གསུམ་པ་དེ་འཛིན་སྐྱོང་བཀའ་ཤག་རང་གི་གནང་སྒོ་དེ་རེད། དེའི་ནང་གི་དང་པོ་དེ་བོད་དོན་བདེན་མཐའ་གསལ་ཐབས་ཆེད་དུ་སྲིད་བྱུས་ཡང་དག་པའི་ཐོག་ཕྱག་ལས་གནང་དགོས་པ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་དེ་བོད་པ་ཙམ་མིན་པར་ཡུལ་གྲུ་མང་པོ་ཞིག་ལ་འབྲེལ་བ་ཡོད་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བརྩམ་དགོས་ཀྱི་ཡོད་པ། གཞིས་ལ་བཞུགས་པའི་བོད་མི་ཚོའི་དཀའ་ངལ་དང་ཉེན་ཁ་གང་ཡོད་པ་དེ་སྲུང་སྐྱོབ་བྱེད་རྒྱུ་དང་། ད་ལྟ་ང་ཚོ་བཙན་བྱོལ་ལ་གནས་པའི་རིང་སྤྱི་ཚོགས་བདེ་དོན་ཆེད་གང་བྱེད་དགོས་པ། ཤེས་ཡོན་ཆེད་གང་བྱེད་དགོས་པ། འཕྲོད་བསྟེན་ཆེད་གང་བྱེད་དགོས་པ་བཅས་ཀྱི་ལམ་སྟོན་གསལ་པོ་གནང་ཡོད་པ་རེད།
ཤེས་ཡོན་སྡེ་ཚན་དེའི་ནང་བཅའ་ཁྲིམས་ལེའུ་གསུམ་པའི་དོན་ཚན་ ༡༧ ནང་གསེས་ ༢ པའི་ནང་ “ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་གྱི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ།” ཞེས་གསལ་ཡོད་རེད། དེ་འདྲ་སོང་ཙང་ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་གནང་བ་རེད། ཡིན་ནའང་ཤེས་ཡོན་སྲིད་བྱུས་ནི་ཕྱི་ལོ་ ༢༠༠༠ རྗེས་མ་གཏོགས་གཏན་འབེབས་གནང་ཐུབ་མེད། དེ་འདྲའི་སྲིད་བྱུས་ཤིག་གཏན་འབེབས་གནང་བར་དང་པོ་ཡིག་ཐོག་ལ་ཕབ་དགོས་ཀྱི་ཡོད་པར་བརྟེན་ཕྱི་ལོ་ ༡༩༩༧ ལ་བཀའ་ཤག་གིས་བཅའ་ཁྲིམས་དགོངས་དོན་ལྟར། ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་གཞག་གནང་ཡོད་པ་དང་། དེ་འདྲའི་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་དེས་ཟིན་བྲིས་ཕབ་པ་དེ་ཕྱི་ལོ་ ༢༠༠༡ ཟླ་ ༨ པའི་ནང་བཀའ་ཤག་ལ་ཡར་ཕུལ་འདུག ཡིན་ནའི་དེ་འདྲ་བའི་ཟིན་བྲིས་དེ་བཅའ་ཁྲིམས་ནང་གསུང་བའི་དམིགས་ཡུལ་དང་མཚུངས་པ་ཞིག་བྱུང་མེད་པ་འདྲ། ནུབ་ཕྱོགས་པས་དམིགས་ཡུལ་ངན་པ་བཅངས་ནས་ཤེས་ཡོན་སྲིད་བྱུས་བསྒྲིགས་བཞག་པ་དེ་རྒྱུན་འཁྱོངས་ནས་འགྲོ་བཞིན་ཡོད་པ་དེའི་ཐོག་ཟུར་རྒྱན་འདྲ་པོ་ཞིག་བྱེད་པ་མ་གཏོགས་དོན་གྱི་ང་ཚོའི་དགོས་མཁོ་དང་མཚམས་པའི་ཟིན་བྲིས་ཤིག་ཡོད་ས་མ་རེད། བྱས་ཙང་དེ་ནུས་མེད་ལྟ་བུ་ཆགས་ཡོད་རེད། བཀའ་ཤག་སྐབས་ ༡༢ པའི་བཀའ་བློན་ཁྲི་པ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་བཀའ་ཤག་ནང་ཟིན་བྲིས་དེ་གཞི་རྩར་བཟུང་བའི་ཐོག་དེར་ལེགས་བཅོས་སམ་སྣོན་འཕྲི་སྤོར་གཅོག་གནང་རྒྱུ་འམ། ཡང་ན་ཟིན་བྲིས་གསར་པ་ཞིག་བཟོ་རྒྱུའི་ཐོག་གོ་བསྡུར་སྦྱངས་བཤད་གནང་རྗེས་ཟིན་བྲིས་གསར་པ་བཟོ་རྒྱུར་ཐུགས་གཏན་འཁེལ་འདུག
དེ་ནས་ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢ ནས་ ༤ བར་ཤེས་རིག་ཚོགས་ཆེན་ཐེངས་ ༤ པ་དེ་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་ཚོགས་པ་རེད། སྐབས་དེར་ང་རང་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་རེད། ཚོགས་ཆེན་གྱི་དབུ་འབྱེད་ཉིན་མོར་བཅར་རྒྱུ་བྱུང་བ་མ་ཟད། གཏམ་བཤད་བྱེད་རྒྱུའི་གོ་སྐབས་ཐོབ་མྱོང་། ཚོགས་ཆེན་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྱུང་འགྱུར་ཤེས་ཡོན་སྲིད་བྱུས་དེ་གང་འདྲ་ཞིག་དགོས་ཀྱི་ཡོད་པའི་ཐོག་བཀའ་སློབ་ཟབ་ཅིང་རྒྱས་པ་ཞིག་ཕེབས་འདུག བཀའ་སློབ་ཕེབས་པ་དེའི་ཐོག་ལ་ཚོགས་ཆེན་ནང་བགྲོ་གླེང་དང་། དྲི་བ་དྲིས་ལན་རབ་དང་རིམ་པ་བྱུང་ཡོད་པ་དང་། མཐའ་མ་ཚོགས་བཅར་བ་ཡོངས་རྫོགས་ཀྱིས་སྤྱི་མོས་ཐོག་ནས་སྲིད་བྱུས་དེ་འདྲ་ཞིག་གཏན་འབེབས་གནང་ན་ཡག་པོ་ཡོད་པའི་རྒྱབ་གཉེར་གནང་འདུག དེ་ནི་རིན་པོ་ཆེ་མཆོག་གིས་ངག་ཐོག་ནས་གསུངས་པ་ཞིག་ཡིན་སྟབས། དེར་ཟིན་བྲིས་ཤིག་བཟོ་དགོས་ཀྱི་རེད། བྱས་ཙང་མི་ལྔ་ལས་གྲུབ་པའི་ཟིན་བྲིས་ཚོགས་ཆུང་ཞིག་བཙུགས་གནང་ཡོད་པ་དང་། ཚོགས་ཆུང་དེ་ཕྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༦ ཉིན་བསྐོ་གཞག་གནང་འདུག ཟིན་བྲིས་ཚོགས་ཆུང་དེའི་ནང་དེའི་སྐབས་ཀྱི་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། བོད་ཁྱིམ་དགེ་རྒན་ཟུར་པ་འབུམ་རམས་པ་བུ་མོ་ཚེ་རིང་ཡེ་ཤེས་ལགས། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་རྒན་ངག་དབང་རྡོ་རྗེ་ལགས། རིགས་སློབ་རྒན་བློ་བཟང་རིན་ཆེན་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་ལས་བྱེད་ཆུང་ཚེ་རིང་ལགས་བཅས་བསྐོ་གཞག་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༢༠ ཉིན་ཚོགས་ཆུང་དེས་ཟིན་བྲིས་དང་པོ་བཟོས་པ་དེ་བཀའ་ཤག་ལྷན་རྒྱས་ལ་ཕུལ་འདུག་པ་དང་། བཀའ་ཤག་ནས་ཟིན་བྲིས་དེའི་ཐོག་ལ་ཞིབ་འཇུག་དང་། གཏན་འབེབས་གང་གནང་དགོས་པ་ཁག་གནང་རྗེས། བཙན་བྱོལ་བོད་མིའི་ཤེས་ཡོན་སྡེ་ཚན་ཁག་དང་། མཁས་པ་ཁག་གི་དགོངས་འཆར་བླངས་རྒྱུའི་ཆེད་འགྲེམས་སྤེལ་དང་། དགོངས་འཆར་གང་བྱུང་བ་རྣམས་ཤེས་རིག་ལས་ཁུངས་ཀྱིས་ཕྱོགས་བསྡོམས་གནང་ཡོད་འདུག དེ་ནས་ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༡༣ ཉིན་བཀའ་ཤག་གིས་རགས་ཟིན་དེར་ཐུགས་ཞིབ་གནང་སྟེ་རགས་ཟིན་གཉིས་པ་ཞིག་གཏན་འབེབས་གནང་རྗེས། ཤེས་ཡོན་སྡེ་ཚན་སློབ་གྲྭ་དང་། རིས་མེད་ཆོས་སྡེ་ཁག མཐོ་སློབ། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ། བཀའ་ཟུར་རྣམ་པ། སྤྱི་འཐུས་རྣམ་པ། གཞུང་གི་ལས་ཁུངས་ཁག རྒྱ་གར་ས་གནས་ཁག་ལ་ཡོད་པའི་བོད་མི་མཁས་པ་རྣམས་བཅས་ལ་འགྲེམས་སྤེལ་གནང་ཡོད་པ་དང་། དེས་མ་ཁྱབ་པའི་ཤེས་ཡོན་སྲིད་བྱུས་ཐོག་དོ་སྣང་གནང་འདོད་ཡོད་པ་ཡིན་ན་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ནང་བཅུག་ཡོད་པ་སོགས་བྱས་འདུག དེ་ནས་ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༡༥ ཉིན་ནང་ཚུད་ལ་འགྲེམས་སྤེལ་གནང་བཞག་པ་དེའི་ཐོག་དགོངས་འཆར་གང་གནང་ཡོད་པ་ཤེས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་གནང་སྟེ། ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༡༦ དང་། ༡༧ ཉིན་མོར་རྒྱ་གར་ནང་ཡོད་པའི་སྲོལ་རྒྱུན་དང་། དེང་རབས་ལམ་སྲོལ་ཐོག་གི་མཁས་པ་དེ་ཚོའི་བགྲོ་གླེང་ཞིག་ཚོགས་གནང་འདུག དེ་རྗེས་ཕྱི་ལོ་ ༢༠༠༤ ཟླ་ ༢ ཚེས་ ༧ དང་ ༨ ལ་སྡེ་ར་ལྡུན་དུ་ཚོགས་འདུ་གཉིས་ཚོགས་ཡོད་འདུག་པ་དང་། དགོངས་འཆར་ཚང་མ་ལེན་རྗེས། ཟིན་བྲིས་ཚོགས་ཆུང་ནས་ཟླ་བ་ ༤ དང་ ༥ པའི་ནང་ཕྱོགས་བསྒྲིགས་གནང་འདུག
ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་དེང་རབས་མཁས་པའི་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕེབས་ནས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་ ༢༠༠༤ ཟླ་ ༧ ནང་མཁས་པའི་བགྲོ་གླེང་དེའི་ནང་བྱུང་བའི་དགོངས་འཆར་བཀའ་ཤག་ནས་བསྐྱར་ཞིབ་གནང་རྗེས། ཕྱི་ལོ་ ༢༠༠༤ ཟླ་ ༩ པའི་ནང་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་གཏན་འབེབས་གནང་ཡོད་པ། དོན་ངོ་མ་ཤེས་ཡོན་སྲིད་བྱུས་དེ་ཧོལ་རྒྱུགས་ཐོག་ནས་གཏན་འབེབས་གནང་བ་མ་ཡིན་པར། གོམ་པ་རེ་རེ་བཞིན་བརྒྱུད་ནས་འབྲེལ་ཡོད་ཚང་མའི་སར་ནས་དགོངས་འཆར་བླངས་ནས་གཏན་འབེབས་གནང་བ་ཞིག་ཡིན་པ་སོགས་དང་། དེ་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་ཁག་དང་། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་བཞིའི་སྐོར། ཕུགས་ཀྱི་དམིགས་ཡུལ་བཅས་ཀྱི་ཐོག་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །