དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཌེན་མག་མཐོ་སློབ་ནང་གི་སློབ་གཉེར་བ་ཁག་ཅིག་ལ་བོད་དོན་སྐོར་ངོ་སྤྲོད་གནང་བ།

༄༅། །ཌེན་མག་མཐོ་སློབ་ཁག་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་རྣམས་ལོ་ལྟར་ (Tibet Hope Center) ཚོགས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་སར་བོད་མིའི་ཆབ་སྲིད་ཀྱི་གནད་དོན་དང་། བོད་མིའི་རིག་གཞུང་སོགས་གོ་རྟོགས་ཆེད་ཕེབས་སྲོལ་ཡོད་པ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༠ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སློབ་གཉེར་བ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་ཆུ་ཚོད་ ༡ ཙམ་རིང་ངོ་སྤྲོད་གསུང་བཤད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་འདིར་ཕེབས་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་སྙིང་བསྡུས། བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་འོག་བོད་མི་སྐྱ་སེར་གྲངས་ ༡༥༣ གྱིས་རང་ལུས་མེར་བསྲེགས་ཕུལ་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཉེ་ཆར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྐབས་རྒྱལ་ཁབ་ཁག་བཅུ་གཉིས་ཀྱིས་བོད་དང་། ཤིང་ཅང་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་གནང་ཡོད་པའི་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ནང་གཙོ་བོ་མང་གཙོའི་འགྲོ་ལུགས་ལྟར། བོད་མིའི་འཐབ་རྩོད་རྒྱུན་གནས་དང་། སྒྲིག་འཛུགས་སྲ་བརྟན། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། རྒྱལ་སྤྱིའི་ནང་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཐོབ་ཐབས། བོད་ཀྱི་བདེན་མཐའ་མགྱོགས་མྱུར་སེལ་ཐབས་སོགས་ཀྱི་ཐོག་བགྲོ་གླེང་དང་། སྔོན་རྩིས་བཀའ་འཁྲོལ་བཅས་ཀྱི་ལས་རིམ་སོགས་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་ངོ་སྤྲོད། སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཆེད་ཕེབས་བཞིན་ཡོད་པ་དང་།  ལྷག་པར་ཉེ་ཆར་ཚོགས་མི་གསུམ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཌེན་མག་རྒྱལ་ཁབ་ནང་ཌེན་མག་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ནི་ ཧལ་སི་བྷོ་ ཇོར་ཇིན་སེན་ (Ane Halsboe Jorgensen, Social Democrats, Chairman of the Foreign Affairs Committee) མཆོག་དང་།  ཌེན་མག་ཕྱི་སྲིད་བློན་ཆེན་ཟུར་པ་དང་། ཌེན་མག་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་སྐུ་ཞབས་ཧོལ་གར་ ནིལ་སེན་ (Holger K.Neilsen,(Socialist people’s party),Former Minister of Foreign Affairs, Member of the Foreign Affairs Committee) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་བའི་སྐོར།

དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མི་འདྲ་བ་གཉིས་ཡོད་ལུགས་དང་། ད་བར་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཁག་དྲུག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཁག་བདུན་ཙམ་ཚོགས་ཡོད་ལུགས། དེ་བཞིན་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས། རིམ་པས་རོགས་ཚོགས་ཁག་གི་མཐུན་རྐྱེན་འོག་བོད་རིགས་རྣམས་ཡུ་རོབ་རྒྱལ་ཁབ་ཁག་འདྲ་མིན་ནང་སྨན་ཞབས་པ་ (Nursing) དང་། བཟོ་བསྐྲུན་འཆར་འགོད་པའི་ (Engineering) སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བསྐྲུན་ཡོད་སྟབས། ཊེན་མག་དང་། ནོར་ཝེ་རྒྱལ་ཁབ་ནང་བོད་རིགས་མི་ཉུང་བ་ཞིག་གིས་སློབ་སྦྱོང་གི་གོ་སྐབས་བཞེས་ཡོད་སྐོར་དང་། ཊེན་མག་རོགས་ཚོགས་ཁག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན། བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་བཅས་ཡོང་སླད། མུ་མཐུད་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༨ རྒྱལ་སྤྱིའི་ཨོ་ལོམ་སྦིག་རྩེད་འགྲན་སྐབས་ཌེན་མག་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་དོན་ཆེད་ལས་འགུལ་འདྲ་མིན་སྤེལ་ཡོད་པ་སོགས་བོད་དོན་ཐོག་ངོ་སྤྲོད་གནང་བ་དང་།

དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་རང་ཡུལ་དུ་ཕྱིར་ཕེབས་རྗེས། གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཡོང་ཐབས་གནང་རྒྱུའི་འབད་བརྩོན་དང་།  མ་འོངས་ཁོང་རྣམས་གྲོས་ཚོགས་འཐུས་མི་དང་། རྒྱལ་ཁབ་ཀྱི་འགོ་འཁྲིད་ཆགས་ཚེ་བོད་དོན་གཙོས་པའི་འཛམ་གླིང་ནང་གི་དཀའ་ངལ་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་མ་ཟད། ཁོང་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །