༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་བྱེད་སྐུ་ཞབས་མཱེ་ཁལ་སི་ཆི་ཧྥར་ (Michael Schiffer,Senate Foreign Relations Committee staff) ལགས་དང་། ཌེ་མན་མུར་ཕི་ (Damian Murphy,Senate Foreign Relations Committee staff) ལགས། སཱ་ཇི་ཊི་ གན་དྷི་ (Sajit Gandhi, House Foreign Affairs Committee staff) ལགས། དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཁོང་རྣམས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཁག་མཇལ་འཕྲད་གནང་བའི་སྐོར་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ (Reciprocal Access to Tibet Act) དེའི་གལ་ཆེ་ཆུང་། དེ་བཞིན་བོད་ཀྱི་འཐབ་རྩོད་ཐོག་ཨ་རིའི་གྲོས་ཚོགས་དང་། གཞུང་གིས་རྒྱབ་སྐྱོར་གནང་བཞིན་པར་བསྔགས་བརྗོད་དང་།
མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་མ་ཟད། བོད་ནང་རྒྱ་ནག་གཞུང་གིས་མུ་མཐུད་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་བཞིན་ཡོད་པའི་སྐོར་དང་། ལྷག་པར་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཐོག་ཞིབ་ཕྲའི་འགྲེལ་བརྗོད་གནང་ཡོད། དེ་ནས་ཁོང་རྣམས་ནས་བོད་ནས་བཙན་བྱོལ་ནང་བོད་མི་སླེབས་མཁན་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་དང་། ༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་དྲི་བ་ཕུལ་གནང་བར། དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་དཔལ་ལྡན་ཆོགས་གཙོ་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་ཡོད་པ་བཅས། །