དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དབུ་མའི་ལམ་གྱི་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་རྡ་སའི་ཉེ་འདབས་སུ་ཡོད་པའི་སྰ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་ནང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་ཞུས་པའི་ཉིན་གཉིས་རིང་གི་དབུ་མའི་ལམ་གྱི་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང་།


དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་སྰ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས། བྷ་རོ་ཌ་གཙུག་ལག་སློབ་གཉེར་ཁང་གི་སྲིད་དོན་ཚན་རིག་སྡེ་ཚན་གྱི་འགན་འཛིན་ལྕམ་ལྰ་ཇི་བན་ཌི་ཇ་ཏ་ནེ་ལགས། གཏམ་བཤད་གནང་མཁན་རྒན་བློ་གྲོས་རྒྱལ་མཚན་ལགས། ས་གནས་ཁག་ནས་ཕེབས་པའི་ཚོགས་བཅར་བ་གྲངས་ ༤༥ བཅས་ཚང་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སོང་། དེ་ནས་ཐེངས་དང་པོའི་རྒྱལ་སྤྱིའི་དབུ་མའི་ལམ་ཚོགས་ཆེན་དང་འབྲེལ་བའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་གནང་རྗེས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཚོགས་པའི་དམིགས་ཡུལ་དང་། ལས་དོན་བྱེད་ཕྱོགས་ཀྱི་སྐོར་གསུང་བཤད་གནང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་དབུ་མའི་ལམ་གྱི་ཚོགས་གཙོ་དང་། ཚོགས་གཞོན་གྱི་གཏམ་བཤད་ནང་དབུ་མའི་ལམ་གྱི་འབྱུང་རིམ་དང་། སྤྱི་ཡོངས་ཀྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་འབྲེལ་བ་ཡོད་པ་བཅས་ཀྱི་ཐོག་བཀའ་སློབ་སྔ་རྗེས་གནང་སོང་བར། ངས་གསུང་བཤད་གནང་མཁན་རྣམ་གཉིས་ལ་བསྔགས་བརྗོད་དང་། དེའི་ཐོག་ནས་ཚོགས་བཅར་བ་ཡོངས་ཀྱིས་ནང་དོན་གང་ལ་གང་འཚམ་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ངའི་ངོས་ནས་གཏམ་བཤད་གང་མདོར་བསྡུས་དང་། གསལ་པོ་ཞུ་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན། ང་ཚོ་བཙན་བྱོལ་གྱི་སྤྱི་ཚོགས་དེ་གནས་སྟངས་མི་འདྲ་བ་ཞིག་ཆགས་བསྡད་ཡོད་རེད། སྤྱིར་བཏང་བོད་ཀྱི་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། རྒྱ་ཧོར་བོད་གསུམ་ཞེས་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲལ་དུ་འདྲ་མཉམ་གནས་བསྡད་ཡོད་པ་ཞིག་ཡིན་ཡང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་གི་དབང་ཆ་གཅིག་སྡུད་རིང་ལུགས་དེ་དབུ་བརྙེས་པ་དང་། དེ་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དབང་བསྒྱུར་བྱེད་རྒྱུ་དང་། རྒྱ་བསྐྱེད་གཏོང་རྒྱུའི་ནུས་པ་དེ་ཤུགས་ཆེན་པོ་བསམ་བློ་འཁོར་ཡོད་པ་མ་ཟད། དངོས་སུ་སྦྱོར་བ་བརྩམས་ཡོང་དུས། ང་ཚོ་བོད་འདི་ཡང་དེའི་དབང་བསྒྱུར་འོག་ཚུད་བསྡད་པ་ཞིག་ཆགས་ཡོད་རེད། ཕྱི་ལོ་ ༡༩༤༩ ནང་རྒྱ་ནག་གུང་ཁྲན་དམག་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱས་པ་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གི་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་དགོས་པ། དེ་ནས་ལོ་བརྒྱད་ཙམ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། སྐབས་དེའི་བོད་གཞུང་གིས་དེའི་སྐབས་ཀྱི་རྒྱ་ནག་གི་དཔོན་རིགས་མཉམ་དུ་གང་ཡོང་གིས་འབྲེལ་བ་གནང་ནས་རང་སྐྱོང་གི་གནས་སྟངས་ལྟ་བུ་ཞིག་ཡོང་ཐུབ་རྒྱུར་འབད་བརྩོན་རིམ་པ་མང་པོ་བྱས་ཀྱང་། འབད་བརྩོན་ཞུས་པ་དེ་དག་ལམ་ལྷོངས་མི་བྱུང་བར་བརྟེན། མཐའ་མ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་མང་ཚོགས་ཀྱིས་ཞི་བའི་སྒེར་ལངས་བྱས་པ་དང་། དེའི་རྗེས་ལ་༧གོང་ས་མཆོག་དང་། བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། རྒྱ་གར་དུ་ཐོག་མར་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དེ་གསར་འཛུགས་གནང་བ་དང་། བོད་ཀྱི་རྩ་དོན་གྱི་གནས་སྟངས་དེ་རྒྱ་གར་གཞུང་གིས་མཚོན་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་གནང་རྒྱུའི་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་སྤེལ་ཡོད་རེད། དེ་ནས་ལོ་རབས་དྲུག་ཅུའི་ནང་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དེ་ནུས་མེད་རྩིས་གནང་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རང་བཙན་བསྐྱར་བཟོ་གནང་རྒྱུའི་འབད་བརྩོན་དང་། ཐུགས་རེ་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༧༤ ནས་འགོ་བཙུགས་ཏེ་སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ། དེ་བཞིན་བོད་ནང་གི་གནས་སྟངས་བཅས་ལ་གཟིགས་ནས་གང་ལྟར་ང་རང་ཚོ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རང་བཙན་ཞེས་སྐད་ཆ་བཤད་ནས་ཕར་རྒྱ་ནག་ལ་འབྲེལ་བ་མཐུད་མི་ཐུབ་པ་ཞིག་དང་། རྒྱ་ནག་གི་ཐོག་ནས་འབྲེལ་བ་བྱེད་ཀྱི་མིན་པ་གསལ་པོ་ཆགས་ཡོང་དུས། གཉིས་ཕན་གྱི་ཐབས་ལམ་ཞིག་གང་འདྲ་ཡོང་དགོས་འདུག ཐོག་མར་དེ་འདྲ་ཞིག་དགོངས་པ་བཞེས་ནས། སྐབས་དེའི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་། བཀའ་ཤག་ནང་གོ་བསྡུར་གནང་བ་དང་། དེ་བཞིན་བོད་ཀྱི་གྲོགས་པོ་རེད། བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྣམས་དང་གོ་བསྡུར་བྱས་ནས་གང་ལྟར་ནང་དོན་ཐོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ལ་ད་ལྟ་ང་ཚོས་འཛིན་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེ་དགོངས་པར་བཟུང་ནས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་མཐུད་ཐུབ་རྒྱུའི་དགོངས་པ་ཞིག་བཞེས་ཡོད་པ་རེད།

ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གི་འགོ་འཁྲིད་ཏིང་ཞའོ་ཕིང་གིས་བོད་ཀྱི་གནད་དོན་ཐོག་ལ་འབྲེལ་མོལ་བྱེད་རྒྱུའི་འདུན་པ་ཞིག་བཏོན་ཡོང་དུས། དེ་དང་མཉམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཞི་ནས་དགོངས་པ་གསར་པ་ཞིག་བཞེས་མི་དགོས་པར། ཕྱི་ལོ་ ༡༩༧༤ ནས་བོད་དོན་འགྲིག་འཇག་ཡོང་རྒྱུའི་ཐབས་ལམ་ཞིག་དགོངས་པ་བཞེས་ཚར་བ་ཡིན་ཙང་། ལམ་སེང་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཐུབ་ཡོད་པ་རེད། རིམ་པས་ཕྱི་ལོ་ ༡༩༨༢ ལོར་བོད་དོན་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་ཕེབས་ཐུབ་པ་དང་། འོན་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ཟེར་ནའང་མི་འདུག རྒྱ་ནག་གཞུང་གི་ངོས་ནས་ཡ་ལན་ཤུགས་ཆེན་པོ་ཞིག་དང་། ཚུལ་མཐུན་ཞིག་མེད་དུས། ཕྱི་ལོ་ ༡༩༩༥་་་༩༦ ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ཚོགས་ལ་ང་ཚོའི་མ་འོངས་པའི་ལངས་ཕྱོགས་ཐོག་མང་མོས་ཐག་གཅོད་འོས་བསྡུ་གནང་དགོས་པའི་བཀའ་སློབ་རིམ་པ་ཕེབས་པ་ལྟར། སྐབས་དེའི་བཀའ་སྤྱི་གཉིས་ཀྱི་ཐོག་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་རྒྱུའི་སྔོན་འགྲོའི་ལས་རིམ་ཞིག་འགོ་བརྩམས་ཏེ། གདམ་བྱ་དོན་ཚན་བཞིའི་ཐོག་ལ་བགྲོ་གླེང་བྱས་ནས་བོད་ཕྱི་ནང་གཉིས་ཀྱི་བསམ་འཆར་སླེབས་བསྡད་ཡོད་པ་དང་། མང་ཚོགས་ཀྱི་བསམ་འཆར་ནང་བརྒྱ་ཆ་ ༦༤ བརྒལ་བའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་བརྒྱུད་འཛིན་གནང་བའམ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གནས་བབ་ལ་གཟིགས་ནས་དུས་ནས་དུས་སུ་ཐག་གཅོད་ཞུ་རྒྱུའི་གསོལ་འདེབས་ཞུ་དགོས་ཡོད་ཅེས་ཟེར་ནས། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གྲོས་ཆོད་བཞག་ཡོད་པ་དང་། གྲོས་ཆོད་ཀྱི་ནང་དོན་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གནས་བབ་དང་། རྒྱལ་ནང་གི་ཆབ་སྲིད་ཀྱི་གནས་བབ་ལ་གཟིགས་ནས་ཐག་གཅོད་གནང་རྒྱུ་དང་། ༧གོང་ས་མཆོག་གིས་ཐག་གཅོད་གང་གནང་བ་དེ་མང་ཚོགས་ཀྱིས་མང་མོས་ཀྱི་འོས་བསྡུ་བྱེད་པའི་ཐག་གཅོད་དང་གཅིག་མཚུངས་ཀྱི་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད། གང་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་དེ་མང་གཙོའི་བརྒྱུད་རིམ་ཐོག་ནས་གཏན་འབེབས་བྱུང་བསྡད་པ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༨༧ ནས་བཟུང་བོད་ནང་ཛ་དྲག་གི་གནས་སྟངས་ཤུགས་ཆེ་རུ་ཡོང་བཞིན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ནས་ཞི་བའི་སྒེར་ལངས་ཤུགས་ཆེ་རུ་ཡོང་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། ཕྱི་ལོ་ ༢༠༠༨ ལོར་བོད་པའི་གཞོན་སྐྱེས་དང་། རིགས་གཅིག་གིས་ཆབ་སྲིད་ཀྱི་ལང་ཕྱོགས་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་དོན་དང་ལྡན་པའི་རྩ་དོན་ལ་ཕན་ཐོགས་ཐུབ་པའི་འགྱུར་བ་འགྲོ་གི་མིན་འདུག དེ་ལས་གཞན་པའི་ཐབས་ལམ་ཡོད་མེད་ཀྱི་ཚོར་བ་ཤུགས་ཆེན་པོ་བྱུང་བ་རེད། སྐབས་དེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འབྲེལ་རང་གི་ཐོག་ནས་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་དགོས་ཀྱི་འདུག་ཅེས་བཀའ་ཕེབས་པ་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་བ་དང་། སྐབས་དེར་བོད་མི་མང་ཚོགས་ཀྱི་སྐུ་ཚབ་ ༦༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། བོད་ཕྱི་ནང་གཉིས་ཀྱི་བསམ་འཆར་ཕྱོགས་བསྡོམས་བྱས་ཡོང་དུས་བརྒྱ་ཆ་ ༨༠ བརྒལ་བས་མུ་མཐུད་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུན་བསྐྱོངས་བྱེད་ན་འགྲིག་གི་འདུག་ཅེས་བསམ་འཆར་ཕུལ་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ལ་མང་ཚོགས་དང་གྲོས་ཚོགས་རང་གི་ཐོག་ནས་ཐད་ཀར་མོས་མཐུན་དང་། ཐག་གཅོད་གཏན་འབེབས་གནང་བ་ཞིག་ཆགས་ཡོང་དུས། དབུ་མའི་ལམ་གྱི་སྲིད་བྱུས་དེ་མང་གཙོའི་བརྒྱུད་རིམ་གྱི་ཐོག་ནས་མང་ཚོགས་ཀྱི་བསམ་བློ་དང་མཐུན་པའི་སྲིད་བྱུས་ཤིག་ཆགས་ཀྱི་ཡོད། དེ་གཅིག་ཞུས་ན་བསམ་བྱུང་།


དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལྟ་གྲུབ་དེ་གང་རེད་ཅེས་པའི་དྲི་བ་ཞིག་སླེབས་ཀྱི་ཡོད། གཙོ་བོ་དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་ནོར་༧གོང་ས་་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། དེ་ལ་མང་ཚོགས་ཀྱིས་མོས་མཐུན་དང་རྒྱབ་སྐྱོར་གནང་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བསམ་ཚུལ་ཕྱུག་ཏུ་གཏོང་རྒྱུ་དེ་མང་ཚོགས་ལ་དབང་ཆ་གནང་ཡོང་དུས། མང་ཚོགས་ཐོག་ནས་མོས་མཐུན་གཏན་འབེབས་གནང་ཡོད་པ་གསལ་པོ་ཆགས་ཀྱི་ཡོད་རེད། ༧གོང་ས་མཆོག་གི་དགོངས་གཞི་དེ་གང་འདྲ་རེད་ཅེས་དཔྱད་པ་གནང་དགོས་པ་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་དུས་རྒྱུན་དུ་ནས་གསུངས་དོན་ལ། དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་དུས་ཚོད་གཅིག་ཡིན་པ་དང་། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ཆེ་ས་རྒྱལ་ཁབ་ནས་ཆུང་ས་ཁྱིམ་ཚང་གི་གནད་དོན་གང་འདྲ་ཡིན་ནའང་ཕན་ཚུན་གྲོས་མོལ་དང་བགྲོ་གླེང་གི་ཐོག་ནས་ཐག་གཅོད་གཏན་འབེབས་ཡོང་ཐུབ་པ་ཞིག་ལ་དགོངས་པ་བཞེས་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཟེར་ནའང་མི་འདུག དེ་འདྲའི་གནས་སྟངས་གཅིག་ཆགས་ཀྱི་ཡོད་རེད། དེའི་ཐོག་ནས་མི་རིགས་ཀྱི་མཐུན་སྒྲིལ་དང་། ཚད་མེད་ཞི་བའི་ཐབས་ལམ། གུ་ཡངས་ཀྱི་སྲིད་བྱུས་བཅས་དེ་ཚོ་ཚང་མ་དེའི་ཐོག་སྣོན་ཆོག་གི་རེད། དེ་འདྲའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཀྱི་དགོངས་པ་ཞིག་བཞེས་ནས་ད་ལྟ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཆབ་སྲིད་ཀྱི་ལྟ་གྲུབ་རིག་པའི་ནང་ཚད་མཐོ་པོ་སླེབས་ཐུབ་ཡོད། དེའི་ཐོག་རྣམ་པ་ཚོས་དཔྱད་པ་བྱེད་ན་འགྲིག་གི་རེད།

དབུ་མའི་ལམ་གྱི་སྲིད་བྱུས་དེ་ང་ཚོ་ད་ལྟའི་བོད་ཀྱི་གནས་སྟངས་ཐོག་འཛིན་དགོས་པའི་རྒྱུ་མཚན་གང་ཡིན་པ་རྩད་གཅོད་གཏོང་དགོས་པ་ཆགས་ཀྱི་ཡོད། ངས་མདོར་བསྡུས་ནས་རྒྱུ་མཚན་གཉིས་ཙམ་ཞུས་པ་ཡིན་ན། དཔེར་ན། དེང་སང་རང་བཙན་ཡོད་པའི་རྒྱལ་ཁབ་གཅིག་གི་ཚོང་འབྲེལ་སྲིད་བྱུས་ལྟ་བུར་མཚོན་པར་ཡིན་ནའང་། རྒྱལ་ཁབ་དེ་རང་གི་ཁེར་རྐྱང་ཐོག་ནས་ཚོང་འབྲེལ་གྱི་སྲིད་བྱུས་ཡར་རྒྱས་གཏོང་རྒྱུ་དང་། དེ་ལ་བསྐུལ་འདེད་བྱེད་ཐུབ་ཐབས་མེད་པ་གསལ་པོ་ཆགས་ཀྱི་ཡོད། རྒྱལ་ཁབ་གཉིས་པ་ཞིག་ལ་བརྟེན་དགོས་པ་རང་བཞིན་གྱི་ཆགས་ཀྱི་ཡོད། དེ་བཞིན་ཆབ་སྲིད་ཀྱི་སྲིད་བྱུས་ཐོག་མཚོན་པ་ཡིན་ནའང། དེ་བཞིན་ཆགས་ཀྱི་ཡོད། དཔེར་ན་ཡུ་རོབ་མཐུན་ཚོགས་ལྟ་བུ་ཡིན་ན་སྤྱི་ཡོངས་ཀྱི་ཁེ་ཕན་དང་ནུས་པ་ལ་གཞིར་བཞག་ནས་སོ་སོའི་རྒྱལ་ཁབ་རང་བཙན་གྱི་མཚོན་བྱེད་རེ་གཉིས་བློས་བཏང་ཡོད། དཔེར་ན་དངུལ་ལོར་ལྟ་བུ། རང་ཉིད་རྒྱལ་ཁབ་ཀྱི་དངུལ་ལོར་ཚབ་ཏུ་ཡུ་རོབ་ཀྱི་དངུལ་ལོར་བེད་སྤྱོད་གཏོང་བ། དེ་འདྲའི་སོ་སོའི་མཚོན་བྱེད་མ་འདྲ་བ་ཡོད་པ་གང་ཙམ་བློས་བཏང་ནས་སྤྱི་ཡོངས་ཀྱི་ནུས་པ་མཉམ་དུ་འདོན་ཐུབ་དགོས་པའི་གནས་སྟངས་ཤིག་སླེབས་ཡོད་རེད། བོད་ལྟ་བུར་མཚོན་ན། རང་བཙན་ཡིན་ནའང་འདྲ། དབུ་མའི་ལམ་ཡིན་ནའང་། རྒྱ་ནག་གིས་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་ལ་ལྟོས་དགོས་པ་གསལ་པོ་ཞེ་དྲག་རེད། དེང་སང་གོ་ལ་གཅིག་འགྱུར་ཆགས་ཡོད་དུས། གཅིག་ལ་གཅིག་རྟེན་གྱི་འདུ་ཤེས་མང་བ་སླེབས་ཀྱི་ཡོད་པ་དང་། ཆུང་ས་སོ་སོ་སྒེར་ནས་ཆེ་ས་རྒྱལ་ཁབ་ཀྱི་གནས་སྟངས་ཡིན་ནའང་གཅིག་ལ་གཅིག་རྟེན་གྱི་བསམ་བློ་དེ་ཤུགས་ཆེ་བ་སླེབས་ཡོད་དུས། དབུ་མའི་ལམ་གྱི་སྲིད་བྱུས་དེ་འོས་ཤིང་འཚམས་པ་འདྲ་པོ་ཞིག་ཆགས་ཀྱི་ཡོད། དེ་རྒྱུ་མཚན་གཅིག་རེད། གཉིས་ནས་ད་ལྟ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེ་ན། རྒྱ་ནག་གིས་དབང་བསྒྱུར་བྱས་པའི་ད་ལྟའི་བོད་ནང་གི་གནས་སྟངས་དེ་ང་ཚོས་ཁས་ལེན་བྱེད་ཐུབ་ཀྱི་ཡོད་མ་རེད། དེ་བཞིན་ང་ཚོའི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རང་བཙན་སླར་གསོ་བྱེད་རྒྱུའི་འཐབ་རྩོད་དེ་ང་ཚོས་བྱེད་ཀྱི་ཡོད་མ་རེད། དེ་གཉིས་དང་བྲལ་བའི་གཉིས་ཕན་གྱི་རང་བཞིན་ཞིག་བསྟན་གྱི་ཡོད་རེད། རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་གསར་ཤོག་བོད་མིའི་རང་དབང་གཟིགས་ཡོད་ན། དེའི་སྟེང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་ཞེས་འཁོད་ཡོད། དེའི་ནང་དོན་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གི་ཐོབ་ཐང་གང་ཡོད་པ་ཆ་ཚང་བ་ཞིག་ང་ཚོར་ཡོང་ཐུབ་དགོས་པ། དེའི་ཐོག་ནས་ལྡོག་ཏུ་མེད་པའི་རྒྱུ་མཚན་གསུམ་འདྲ་པོ་ཞིག་བཤད་ཀྱི་ཡོད། གཅིག་དེ་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་། བཅའ་ཁྲིམས་ནང་རང་སྐྱོང་གི་གནས་བབ་གང་ཡོད་པ་སྤྲད་ཐུབ་དགོས་པ། གཉིས་ནས་བོད་ཆོལ་ཁ་གསུམ་ཆ་ཚང་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་དགོས་པ། གསུམ་ནས་དེ་ཐོབ་རྒྱུའི་འབད་བརྩོན་བྱ་རྒྱུའི་ཐབས་ལམ་ནི་ཚད་མེད་ཞི་བའི་ལྟ་གྲུབ་ཉག་ཅིག་ཡིན་དགོས་པ་དེ་དག་སྲིད་བྱུས་ཀྱི་རྒྱབ་ལྗོངས་ཤིག་ཆགས་ཀྱི་ཡོད། སྲིད་བྱུས་དེའི་ནང་གཞན་གལ་ཆེ་བ་ཞིག་གང་ཆགས་ཀྱི་ཡོད་རེད་ཟེར་ན། འདས་པའི་ལོ་རྒྱུས་ལ་ང་ཚོས་བསྐྱར་བཟོ་བྱེད་ཐུབ་ཀྱི་མེད་པ་དང་། ད་ལྟའི་ཆབ་སྲིད་ཀྱི་དགོས་དབང་ཐོག་ནས་ལོ་རྒྱུས་ཀྱི་གནས་བབ་དེ་ང་ཚོས་ཁས་ལེན་བྱེད་ཐུབ་ཀྱི་ཡོད་མ་རེེད། ཡིན་ནའང་འདས་པའི་ལོ་རྒྱུས་ཀྱིས་ད་ལྟའི་ང་ཚོའི་ཐག་གཅོད་བྱ་རྒྱུའི་ཐོག་འགལ་རྐྱེན་གང་ཡང་ཆགས་ཀྱི་ཡོད་མ་རེད། དེ་ཡིན་དུས་སྲིད་བྱུས་དེ་ལམ་ལྷོངས་ལྡན་པ་ཞིག་དང་། མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཐུབ་པའི་ནུས་པ་ཆ་ཚང་ཞིག་ཡོད་རེད།

དེང་སང་གི་དུས་ཚོད་ནང་ཨིན་ཡུལ་དང་། ཁེ་ན་ཌ། ཨི་ཌ་ལི་མཚོན་པའི་རྒྱལ་ཁབ་ནང་རང་སྐྱོང་གི་གནས་བབ་ཡོད་མཁན་ཡོད་པ་དང་། དེ་ཚོའི་ནང་བལྟས་ཡོང་དུས། མི་རིགས་དེ་དག་གི་སྐད་ཡིག་དང་། ཆོས་དང་རིག་གཞུང་། གོམས་གཤིས་སོགས་མི་རིགས་དེ་དང་དེའི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་པའི་གནས་བབ་ཆ་ཚང་ཡོད་དུས། ད་ལྟའི་རྒྱ་ནག་གི་གནས་བབ་རེད། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ལ་གཞིར་བཞག་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་ལམ་ལྷོངས་བྱུང་ན། ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྟབས། དེ་འདྲའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུ་མཚན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད།

སྤྱི་ཡོངས་ཀྱི་དབུ་མའི་ལམ་གྱི་བྱུང་རིམ་ཐོག་ཡིག་ཐོག་ནས་བལྟས་པ་ཡིན་ན། ཐོག་མར་ཕྱི་ལོ་ ༡༩༨༧ ལོར་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ནང་གྲོས་འཆར་བཏོན་གནང་བ་དང་། དེ་ནས་ཕྱི་ལོ་ ༡༩༨༨ ལོར་ཡུ་རོབ་སི་ཊར་སི་སྦག་ཡུ་རོབ་མཐུན་ཚོགས་ནང་གྲོས་འཆར་བཏོན་གནངབ། དེའི་རྗེས་འབྲེལ་མོལ་ཐེངས་ ༨ པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་རྒྱ་ནག་གཞུང་ལ་སྤྲད་ཡོད་པ་དང་། འབྲེལ་མོལ་ཐེངས་༩ པའི་སྐབས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་སྤྲད་ཡོད། དེ་བཞིན་སི་ཊར་སི་སྦག་གི་གསུང་བཤད་དང་། འབྲེལ་མོལ་ཐེངས་ ༨ པའི་སྐབས་སྤྲད་པའི་བསམ་འཆར་གྱི་ནང་དོན་ལ་ཁྱད་པར་ཇི་ཡོད་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱལ་སྤྱི་དང་རྒྱ་ནག་ནང་ནས་རྒྱབ་སྐྱོར་ཇི་ཙམ་ཐོབ་ཡོད་མེད། དབུ་མའི་ལམ་གྱི་སྲིད་བྱུས་ལམ་ལྷོངས་བྱུང་མིན་གཙོ་བོ་རྒྱ་ནག་གཞུང་རང་དང་འབྲེལ་བ་ཆགས་ཀྱི་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་རྗེས། ཚོགས་པའི་དབུས་རྒྱུན་ཡེ་ཤེས་ཟླ་བ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས། །