དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

༄༅། །ད་རེས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་མཐའ་མ་དེ་ཆགས་བསྡད་ཡོད་པ་རེད། ཐོག་མར་ཚོགས་གཙོའི་དབུ་འབྱེད་ཀྱི་གཏམ་བཤད་ནང་ལ་ཞུས་པ་གཞིར་བཟུང་གི་གྲོས་ཚོགས་ཀྱི་ལས་རིམ་རྣམས་དོན་ཕན་ལྡན་པ་དང་ཚགས་ཚུད་པོའི་ཐོག་ནས་བསྐྱང་ཐུབ་སོང་བསམ་གྱི་ཡོད།

དེ་ཡིན་དུས་ང་རང་ཚོ་ལས་རིམ་བསྐྱངས་པའི་ནང་དུ། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཕྱི་ལོ་ ༢༠༡༧༌༌༌༢༠༡༨ ལོའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་ཞུས་པའི་སྙན་ཐོ་དང་། དེ་བཞིན་འབྲེལ་ཡོད་ལྷན་ཁང་ཁྱབ་ཁོངས་དང་བཅས་པའི་ལས་དོན་སྙིང་བསྡུས་དཔལ་ལྡན་བཀའ་བློན་རྣམ་པས་སྙན་སྒྲོན་ཞུས་པའི་ཐོག་ནས། བཀུར་འོས་སྤྱི་འཐུས་རྣམ་པས་དོགས་འདྲི་ཞུ་རྒྱུ་དང་། དགོངས་ཚུལ་གསུང་རྒྱུ། གཞན་ཡང་དཔལ་ལྡན་བཀའ་བློན་རྣམ་པས་ཀྱང་གསལ་བཤད་དང་ལན་འདེབས་གནང་བའི་ཐོག་ནས། ད་ལྟའི་འཛིན་སྐྱོང་གི་ལས་དོན་གནང་བཞིན་པ་རེད། མ་འོངས་འཛིན་སྐྱོང་གི་ལས་དོན་བྱ་འཆར་བཅས་ལ་ཐུགས་ཕན་ཆེན་པོ་སོས་པའི་རེ་བ་ལྟ་བུ་བྱུང་ཟེར་ནས་ཞུ་རྒྱུ་ཡིན། རྩ་བའི་ང་ཚོ་ཆོས་དང་རིག་གཞུང་། གཞིས་ཆགས་དང་མི་འབོར། དཔལ་འབྱོར་བཅས་ཀྱི་གནས་སྟངས་རེད། དེ་བཞིན་ཤེས་རིག་གི་ཐོག་ནས་ང་ཚོའི་ན་གཞོན་རྣམས་འདབ་གཤོག་ཟུང་ལྡན་གནང་ཐུབ་དགོས་རྒྱུ། དེ་བཞིན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་མཛད་འཕྲིན། སྤྱི་ཚོགས་བདེ་འཇགས་ཡོང་ཐབས། གཞན་ཡང་བོད་དོན་དྲིལ་བསྒྲགས་གནང་ཐབས་གནང་རྒྱུ་དང་། བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་གནང་དགོས་རྒྱུ། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་འཕྲོད་བསྟེན་གྱི་གནས་སྟངས་ཐོག་ལ་ཡིན་ནའང་གང་ལ་གང་འཚམ་ཡར་རྒྱས་འགྲོ་ཡི་ཡོད་པ་དང་། མ་འོངས་པར་ཡིན་ནའང་ཚགས་ཚུད་ཡོང་རྒྱུར་ང་ཚོ་བོད་པའི་དཔེ་ལྟར། མི་ཉམས་གོང་སྤེལ་དང་ཉམས་པ་སོར་བཅུད་གནང་ཐུབ་དགོས་རྒྱུ་དེ་གཙོ་བོ་འགན་ཁུར་མཁན་གྱི་འབྲེལ་ཡོད་བཀའ་བློན་རྣམ་པ་རེད། འཛིན་སྐྱོང་གི་ལས་དོན་ཚགས་ཚུད་ཡོང་ཐབས་ལ་མཐུན་རྐྱེན་གལ་ཆེ་བ་གཅིག་དེ་ལས་བྱེད་རྣམས་ཀྱིས་ལྷག་བསམ་དང་ལས་འགན་བཞེས་ཕྱོགས་འདི་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་རྣམ་པས་ལས་འཆར་གང་ཡིན་ཡང་དོན་ལ་སྨིན་པ་ལྟ་བུ་ཡོང་ཐུབ་རྒྱུར་གཙོ་བོ་བཀའ་བློན་རྣམ་པ་དང་ཁོང་རྣམས་ལ་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་རྒྱུ་འདི་ཡང་གལ་ཆེན་པོ་ཆགས་འདུག་ཅེས་ཞུ་རྒྱུ་ཡིན།

ད་རེས་གྲོས་ཚོགས་ནང་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གསུམ་འཇོག་ཐུབ་ཡོད། སྐར་རྟགས་ཅན་གྱི་དྲི་བ་གཉིས། གཞན་ཡང་གྲོས་ཆོད་གྲོས་འཆར་གལ་ཆེ་བ་གཅིག་དེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་དེ་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གི་ཆ་ཤས་བཞེས་གནང་བ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་ཆ་ཤས་བཞེས་པ་ཙམ་མིན་པར་གྲོས་ཆོད་དོན་ཚན་ལྔ་འཇོག་ཐུབ་པ་བྱུང་ཡོད། དེའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ད་ལྟའི་རྒྱ་ནག་གཞུང་གི་འཛིན་བཞིན་པའི་སྲིད་བྱུས་ཀྱི་གནས་སྟངས་ཤེས་ཐུབ་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་གྱི་གནས་ཚད་དེ་ཤུགས་ཆེ་ཡོང་རྒྱུར་ངོ་གདོང་ཆ་ཚང་བ་ཞིག་ཤེས་ཐུབ་རྒྱུར། འབྱུང་འགྱུར་མུ་མཐུད་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་བྱུས་བཏོན་ཐུབ་དགོས་རྒྱུའི་གྲོས་ཆོད་གལ་ཆེ་བ་ཞིག་ཆགས་ཡོད། དེའི་ཐོག་ལ་ང་ཚོ་བགྲོ་གླེང་དང་བསམ་ཚུལ་སྤུངས་ཐུབ་དགོས་རྒྱུ་དེ་ཡང་ཧ་ཅང་གི་ཡག་པོ་བྱུང་སོང་ཟེར་ནས་ཞུ་རྒྱུ་ཡིན། སྤྱི་འཐུས་ལྷན་ཚོགས་ཀྱི་ཉེ་ཆར་མང་གཙོའི་དུས་དྲན་གྱི་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་དུ་བསྔགས་བརྗོད་ཞུས་ཡོད། ཨ་རི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་གི་ཐོག་ནས་ཕན་ཚུན་འགྲོ་བསྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་པ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཞུ་ཐུབ་པ་དང་། གཞན་ཡང་ད་རེས་ང་ཚོ་གྲོས་ཚོགས་ཚོགས་བཞིན་པའི་སྐབས་ལ་ཨ་རི་གྲོས་ཚོགས་འོག་མའི་ནང་ནས་ཁྲིམས་འཆར་དེར་སྤྱི་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་ཞུ་ཐུབ་པར་ང་ཚོ་གྲོས་ཚོགས་ནང་ལ་ཡིན་ནའང་དེའི་ཐོག་ལ་གང་ལ་གང་འཚམ་ཞིག་གླེང་སློང་བྱུང་སོང་། དེ་ཡིན་དུས་འདི་ཚོའི་ཐོག་ལ་འགན་ཁུར་བཞེས་མཁན་གཙོ་བོ་ལྕམ་སྐུ་ Nancy Peloci མཆོག་དང་། གཞན་ཡང་སྐུ་ཞབས་ Jim McGovern མཆོག དེ་མིན་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་འདུག ཁོང་རྣམ་པ་ཚང་མར་ད་རེས་གོ་སྐབས་དེ་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། དེའི་ཐོག་ལ་གཙོ་བོ་ཕྱག་ལས་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་རེད། འབྲེལ་ཡོད་དོན་གཅོད་རེད། འབྲེལ་ཡོད་བོད་མི་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ཕྱག་ལས་གནང་བ་ལས་བྱུང་བ་ཡིན་དུས། འབྲེལ་ཡོད་ཚང་མར་དམིགས་བསལ་གྱི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

ད་རེས་ང་ཚོ་ལས་རིམ་གལ་ཆེ་བ་གཅིག་འདི། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ཆགས་བསྡད་ཡོད་པ་རེད། རྩ་བའི་འཛིན་སྐྱོང་བཀའ་ཤག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཐེངས་གཅིག་གི་འདེམས་ཐོན་གྱི་བཟོ་བཅོས་ཁྲིམས་འཆར་བསྣམས་ཕེབས་པ་རེད། དེའི་ཐོག་ལ་ཡིན་ནའང་དགེ་སྐྱོན་དང་གནས་སྟངས་མང་པོའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་ནས་དགོངས་ཚུལ་མང་པོ་ཞིག་སྤུངས་ཐུབ་པ་དེ་ཡག་པོ་བྱུང་སོང་བསམ་གྱི་ཡོད། མ་འོངས་པར་དགོངས་པ་བཞེས་ཆེད་ཀྱི་ས་བོན་ལྟ་བུ་ཆགས་ཐུབ་ཡོད་པ་རེད། རྩ་བའི་ང་ཚོ་དངོས་སུ་ལག་བསྟར་བརྒྱུད་རིམ་ནང་དུ་བཙན་བྱོལ་བོད་མིའི་གནས་སྟངས་དེ་རང་དབང་ཡོད་པའི་རྒྱལ་ཁབ་གཅིག་དང་ཕྱོགས་ཐམས་ཅད་ནས་བསྡུར་ན། བསྡུར་ཐུབ་ཐབས་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། འདི་འདྲའི་ཐོག་ནས་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་བཀའ་སྤྱི་གཉིས་དང་འོས་བསྡུའི་འགན་འཛིན་ཡོད་པའི་ཐོག་ནས་ང་ཚོས་ཚོགས་ཆུང་ཞིག་བཙུགས་ཐུབ་རྒྱུ། ཚོགས་ཆུང་འདིའི་ཐོག་ནས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་བརྒྱུད་རིམ་ནང་དུ་དཀའ་ངལ་གང་འདྲ་འཕྲད་ཀྱི་འདུག མང་ཚོགས་ཀྱི་བསམ་ཚུལ་གཞི་ལ་བཞག་སྟེ་ཚོགས་ཆུང་གི་སྙན་ཐོ་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཟིན་བྲིས་གནང་ཐུབ་པ་དང་། ད་རེས་ང་ཚོ་གྲོས་ཚོགས་ཚོགས་དུས་དྲུག་པ་དེའི་ཐོག་དངོས་སུ་དོན་ཚན་རེ་རེ་བཞིན་བགྲོ་གླེང་དང་བཟོ་བཅོས་ཁྲིམས་འཆར་བཅས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཐུབ་པ་དེ་གྲོས་ཚོགས་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་གྲུབ་ཐུབ་པ་བྱུང་སོང་བསམ་གྱི་ཡོད། མ་འོངས་པར་ལོ་བཅུ་ཕྲག་འགའ་ཤས་ནང་ལ་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་ཆེན་པོ་གནང་མི་དགོས་པའི་གནས་སྟངས་ལྟ་བུ་ཞིག་ཆགས་སོང་སྙམ། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་གྲོས་ཚོགས་དེའི་ཐོག་ནས་མང་མོས་ཀྱི་བདམས་ཐོན་ཞུ་ཐུབ་པ་གཅིག་དང་། བཅའ་ཁྲིམས་ཀྱི་དོན་ཚན་འགའ་ཤས་ཀྱི་ནང་ལའང་བསྐྱར་བཅོས་གནང་ཐུབ་ཡོད། ད་གིན་གོང་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུངས་པ་གཞིར་བཟུང་རེེད། ཐོག་མར་བཀའ་ཤག་གི་གསལ་བཤད་ཡོད་པ་ཞིག་ལས་རིམ་ཁོངས་ལ་བཞག་ཡོད། རྗེས་སུ་བཀའ་ཤག་ནས་གསལ་བཤད་ཕེབས་མི་དགོས་པའི་ཕྱིར་འཐེན་གནང་སོང་། དེ་བཞིན་སྤྱི་འཐུས་རྣམ་པ་བཞུགས་མོལ་གྱི་ཚོགས་འདུ་ཞིག་ཀྱང་ཚོགས་ཐུབ་ན་སྙམ་པའི་ཐོག་མའི་འཆར་གཞི་ཡོད། ཡིན་ནའང་གྲོས་ཚོགས་ཀྱི་ལས་རིམ་མང་བའི་རྐྱེན་གྱི་བཞུགས་མོལ་ཚོགས་འདུ་འདི་ཚོགས་ཐུབ་མ་སོང་ཞེས་སྙན་སེང་ཙམ་ཞུ་རྒྱུ་ཡིན།

དེ་མིན་གྲོས་ཚོགས་ནང་ལས་རིམ་གྱི་ཐོག་ཆ་ཤས་བཞེས་པའི་སྐབས་སུ་འཛིན་སྐྱོང་བཀའ་ཤག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་པའི་འབྲེལ་ཡོད་བཀའ་བློན་རྣམ་པས་འགན་ཁུར་ཆེ་བཞེས་ཀྱི་ལན་འདེབས་དང་གསལ་བཤད། བགྲོ་གླེང་གི་ཆ་ཤས་བཞེས་གནང་བ། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པས་ཀྱང་དོགས་འདྲི་དང་དགོངས་ཚུལ་བགྲོ་གླེང་བཅས་ཀྱི་ཆ་ཤས་བཞེས་པར་བརྟེན། གྲོས་ཚོགས་ཀྱི་ལས་རིམ་ཐམས་ཅད་གང་ལེགས་ངང་ཐོག་མའི་ཚོགས་གཙོ་གཉིས་ནས་བང་བསྒྲིག་པ་ཇི་བཞིན་བསྒྲུབས་ཐུབ་པ་བྱུང་སོང་། དེ་ཡིན་དུས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ་དང་། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མ་ལ་ཚོགས་གཙོ་གཉིས་ཀྱི་ངོས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ང་ཚོ་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་པའི་སྐབས་སུ་བཀུར་འོས་སྤྱི་འཐུས་གཅིག་གི་གསུང་བབ་ལ་བརྟེན་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གསལ་བཤད་ཀྱི་ཚུལ་དུ་ཕྱག་བྲིས་ཤིག་ཚོགས་གཙོ་གཉིས་ཀྱི་མིང་ཐོག་ལ་གནང་སོན་བྱུང་། དེ་ཡིན་དུས་མཚམས་རེ་གྲོས་ཚོགས་ལས་རིམ་འགྲོ་བཞིན་པའི་སྐབས་སུ་བཀུར་འོས་སྤྱི་འཐུས་རྣམ་པའི་གསུང་བབ་རིགས་གཅིག་ལ་ཚོགས་གཙོས་ཐད་ཀར་སྟངས་འཛིན་བྱེད་དུས། མཚམས་རེ་གནས་ཚུལ་ཆགས་པའི་གཞི་ལྟ་བུ་ཆགས་ཀྱི་མེད་དམ་བསམ་ནས་ཚོགས་གཙོ་ལའང་དཀའ་ངལ་ཞིག་ཡོང་གི་འདུག དེ་ཡིན་དུས་མ་འོངས་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་འབྲེལ་བའི་གསུང་བབ་རིགས་དགའ་ལྡན་ཕོ་བྲང་ནས་བཀའ་འཁྲོལ་ཡོད་པའམ་གལ་ཆེ་བ་རིགས་དེ་འདྲ་མིན་ན། མཚན་འབོད་ཀྱི་ཐོག་ནས་གསུང་གླེང་གནང་མི་དགོས་པ་གཙོ་འདོན་ཞུ་ཐུབ་དགོས་པ་དེ་དགེ་མཚན་ཆེན་པོ་མཐོང་གི་འདུག དེ་ཡིན་དུས་གྲོས་ཚོགས་ནང་ལ་ཐད་ཀར་གསལ་བཤད་ཞུ་རྒྱུའི་གོ་སྐབས་མེད་དུས། མཚམས་རེ་གླེང་གཞི་ལྟ་བུ་ཆགས་ཏེ་སྤྱི་ཚོགས་དང་སྒྲིག་འཛུགས། སྒེར་སོ་སོ་དང་སུ་གཅིག་ལའང་ཕན་ཐོགས་མེད་པ་ལྟ་བུ་ཡོང་གི་འདུག དེ་ཡིན་དུས་འབྱུང་འགྱུར་འདི་ཚོའི་ཐོག་ལ་ཐུགས་གཟབ་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག་ཟེར་ནས་ད་རེས་འབོད་བསྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན།

དེ་བཞིན་ད་ལྟ་མཇུག་བསྡོམས་གཏམ་བཤད་ཞུ་མཁན་གྱི་ཚོགས་གཙོ་དེ་གྲོས་ཚོགས་གཙོ་སྐྱོང་ཞུ་རྒྱུའི་ལས་འགན་མཐའ་མ་དེ་ཆགས་ཡོད། ཐོག་མར་ཕྱི་ལོ་ ༢༠༡༦ ལོའི་ཚོགས་གཙོའི་འགན་ཁུར་ཞུ་བའི་དུས་ཚོད་དེར། ང་ཚོའི་སྤྱི་ཚོགས་ནང་ལ་ཟང་ཟིང་ཆེ་བའི་སྐབས་ཤིག་ཆགས་བསྡད་ཡོད། འོན་ཀྱང་བཀུར་འོས་སྤྱི་འཐུས་རྣམ་པའི་རྒྱབ་སྐྱོར་དང་ཐུགས་རེ་བཞིན་རྒྱ་ཆེའི་མང་ཚོགས་ནས་ཀྱང་རེ་བ་དང་ཡིད་ཆེས་འགེལ་བ་ལྟ་བུ་བྱུང་བ་དང་། རང་ངོས་ནས་ཀྱང་ལྷག་བསམ་ཟོལ་མེད་ཀྱི་སྤྱི་པའི་ལས་དོན་རྣམས་རེད། ལྷག་པར་དུ་བོད་མིའི་ཉག་ཕྲ་བའི་དུས་ཚོད་དེར་བོད་བསྟན་སྲིད་ལ་ལྷག་བསམ་དཀར་བ་ཕྲན་བུ་བྱུང་ནའང་ཕན་ཐོགས་ཆེན་པོ་ཡོང་གི་རེད་སྙམ་ནས་འཇོན་ཐང་དང་ཤེས་ཡོན་གྱི་ཐོག་ནས་མ་འདང་ནའང་ང་ཚོ་བོད་པའི་དཔེ་ལ། སྙིང་ལ་རུས་པ་བཅུག་ཟེར་བ་ནང་བཞིན་གྱི་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་ལས་དོན་རྣམས་འགན་ཁུར་བྱེད་ཕྱོགས་ཀྱི་ཐོག་ལ་འཐུས་ཤོར་མེད་པ་གྲུབ་ཐུབ་ཡོད་བསམ་པ་ཞིག་ཡོད་ཟེར་ནས་ཞུ་རྒྱུ་ཡིན། གྲོས་ཚོགས་ཚོགས་པའི་སྐབས་སུའང་བཀུར་འོས་སྤྱི་འཐུས་རྣམ་པ་རེད། གྲོས་ཚོགས་མེད་པའི་སྐབས་སུ་སྤྱི་འཐུས་རྒྱུན་ལས་རྣམ་པས་འགན་ཁུར་དང་ནུས་པ་མཉམ་སྤུངས་ཡོང་ཐུབ་རྒྱུ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཡོངས་དང་ལྷག་པར་དུ་རྒྱུན་ལས་བཞུགས་མཁན་གྱི་བཀུར་འོས་སྤྱི་འཐུས་རྣམ་པའི་འགན་ཁུར་མཉམ་བཞེས་གང་ལེགས་བྱུང་བས། ད་བར་རྒྱུན་ལས་ལྷན་ཚོགས་ཐེངས་ ༢༠༠ ཙམ་འཚོགས་ཐུབ་པ་དང་། ལས་དོན་ཚང་མའི་ཐོག་ལ་ནུས་པ་མཉམ་སྤུངས་གནང་བྱུང་། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཀྱང་འགན་ཁུར་མཉམ་བཞེས་ཀྱི་དམིགས་བསལ་རོགས་འདེགས་གནང་བར་རྣམ་པ་ཚོ་ཚང་མར་ད་རེས་ཀྱི་གོ་སྐབས་དེ་བརྒྱུད་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་པའི་སྐབས་ལ་རེད། དེ་མིན་གྱི་གྲོས་ཚོགས་ཀྱི་ཕྱི་ལོགས་ལ་ལས་དོན་ཅི་འདྲ་ཞིག་ཡིན་རུང་། མཐུན་འགྱུར་དང་གཞོགས་འདེགས་ཆ་ཚང་བ་ཞིག་གནང་སོང་། དེ་ཡིན་དུས་ད་རེས་གོ་སྐབས་འདི་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

གཞན་ཡང་ལས་བསྡོམས་ལྟ་བུ་སྙིང་བསྡུས་ཤིག་ཞུ་རྒྱུར། ལོ་གཉིས་དང་ཕྱེད་ཀའི་ནང་ལ། ཐོག་མར་ང་ཚོ་སྤྱི་འཐུས་རྣམ་པ་བོད་མིའི་སྡོད་སྒར་ཁག་ལ་འཚམས་གཟིགས་ཕེབས་རྒྱུ་དང་། ས་བགོས་ཕྱོགས་བསྐྱོད་ཕེབས་ཐུབ་པ་དང་། ད་ལྟའང་ལས་རིམ་དེ་མུ་མཐུད་ནས་འགྲོ་བཞིན་པ་ཞིག་ཆགས་བསྡད་ཡོད་པ་རེད། སྐབས་བཅུ་དྲུག་པའི་སྤྱི་འཐུས་གསར་པ་ཕེབས་པ་རྣམས་ལ་སྤྱི་འཐུས་ཀྱི་ལས་དོན་གནང་ཕྱོགས་ཀྱི་ཐོག་ནས་ཟབ་སྦྱོང་ཕུལ་ཐུབ་པ། དེ་བཞིན་ས་གནས་འཐུས་ཚོགས་ཁག་ ༢༢ ལ་ས་འཐུས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབ་ཡོད། གྲོས་ཚོགས་ནས་ཆེད་བཙུགས་ཚོགས་ཆུང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བརྒྱད་པ་དང་དགུ་པ། གཞན་ཡང་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་རྩིས་ཁྲ་རྩིས་ཞིབ་བྱས་པའི་ཚོགས་ཆུང་སྔ་རྗེས་ཐེངས་གསུམ་ཙམ་ཞིག་བཙུགས་ཐུབ་ཡོད་ཅེས་ཞུ་རྒྱུ་གཅིག་དང་། གྲོས་ཚོགས་ནང་ལ་ཕྱིའི་རྒྱལ་ཁབ་ཁག་གི་འཐུས་མི་མཇལ་འཕྲད་ཀྱི་ལས་རིམ་ནང་ལ། སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Maya Graf དབུ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་ཅིག་ལ་སྣེ་ལེན་མཇལ་འཕྲད། གཞན་ཡང་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Peloci མཆོག་གི་དབུ་ཁྲིད་པའི་ཨ་རི་ཆེས་མཐོའི་ཚོགས་ཆུང་མཇལ་འཕྲད་དང་། གྲོས་ཚོགས་ནང་གདན་ཞུ་གནང་བ་བཞིན་ཆེད་ཕེབས་གནང་ཐུབ་ཡོད། གཞན་ཡང་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mr. Thomas Mann མཆོག་གི་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་། དེ་བཞིན་ Esthonia གྲོས་ཚོགས་འཐུས་མི། Sweden གྲོས་ཚོགས་འཐུས་མི། Australia གྲོས་ཚོགས་འཐུས་མི། Canada གྲོས་ཚོགས་འཐུས་མི། ཐའེ་ཝན་གྲོས་ཚོགས་འཐུས་མི། England གྲོས་ཚོགས་འཐུས་མི་བཅས་ལ་མཇལ་འཕྲད་དང་བོད་ནང་གི་གནས་སྟངས། བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་འབྱུང་རིམ་གྱི་ཐོག་ལ་ཕན་ཚུན་གོ་བསྡུར་དང་གླེང་སློང་གང་ལ་གང་འཚམ་གྱི་གང་ལེགས་བྱུང་ཐུབ་ཡོད་ཅེེས་ཞུ་རྒྱུ་ཡིན།

གལ་ཆེ་བ་གཅིག་དེ། རྒྱ་གར་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་དེ་ཆགས་ཡོད་པ་རེད། དང་པོ་ཚོགས་གཙོ་གཉིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shanta Kumar མཆོག་དམིགས་བསལ་མཇལ་འཕྲད་ཞུས་ཏེ། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་སྔར་ལྷག་རྒྱབ་སྐྱོར་ཚད་མཐོ་བ་ཡོང་ཆེད་དམིགས་བསལ་གྱི་འབོད་སྐུལ་ཞུས་ཡོད། གཞན་ཡང་རྒྱ་གར་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྔ་རྗེས་ལྡི་ལིར་ཕེབས་ཏེ། དམིགས་བསལ་བོད་དོན་ཞུ་སྐུལ་དང་། གཞན་ཡང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་སྔ་རྗེས་ཚོགས་ཏེ་གྲོས་ཆོད་ཡང་གང་ལེགས་འཇོག་ཐུབ་ཡོད་ཅེས་ཞུ་རྒྱུ་ཡིན།

བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དམིགས་བསལ་མགྲོན་འབོད་ཞུ་རྒྱུ་ཧ་ལམ་བར་མ་ཆད་པ་ཞུ་ཐུབ་ཡོད་ཅེས་ཞུ་རྒྱུ་ཡིན། དེ་མིན་གྱི་ང་ཚོའི་ཕྱོགས་ནས་སྔ་རྗེས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཕྱིའི་རྒྱལ་ཁབ་ཉི་ཧོང་། སུད་སི། ཕ་རན་སི། སྦེལ་ཇམ། ནི་ཐར་ལན་ཌ། ཨུ་རུ་སུ། ཁེ་ན་ཌ་བཅས་ལ་ཕེབས་ཐུབ་པ་བྱུང་ཡོད། སྦར་སིལ་དུ་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་གྲོས་ཚོགས་ནང་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ལ་ཉན་ཞིབ་ཀྱི་གོ་སྐབས་བྱུང་ཐུབ་ཡོད། གཞན་ཡང་ཁེ་ན་ཌ་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཡར་རྒྱས་ལས་དོན་ཚོགས་ཆུང་ནང་བོད་དོན་ཉན་ཞིབ་གོ་སྐབས་བྱུང་བ་དང་མཉམ་ཞུགས་ཞུ་ཐུབ་ཡོད། ཚོགས་གཙོ་ལའང་འབྲེལ་ཡོད་ས་གནས་ནས་མགྲོན་འབོད་གནང་བ་བཞིན། ཨ་རི་དང་སུད་སི་ཆེད་བཅར་གྱི་གྲོས་ཚོགས་འཐུས་མི་རེད། གནད་ཡོད་མི་སྣ་མང་པོ་དམིགས་བསལ་གྱི་མཇལ་འཕྲད་ཞུ་ཐུབ་ཡོད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་དེ་རེད། དངོས་གནས་བྱས་ན་འདི་ལོའི་ལོ་མགོར་ང་ཚོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་རྒྱུའི་གོ་སྒྲིག་གང་ལ་གང་འཚམ་ཞུས་ཡོད། ཡིན་ནའང་མཐར་ལྡོག་ཏུ་མེད་པའི་གནས་སྟངས་ཤིག་གི་རྐྱེན་པས་ཕར་འགྱངས་ཞུ་དགོས་ཐུག་པ་རེད། ཡིན་ནའང་ད་ལྟ་ང་ཚོ་རྒྱལ་ཁབ་གཞན་ཞིག་ཏུ་མུ་མཐུད་ཚོགས་རྒྱུའི་གྲ་སྒྲིག་ལྟ་བུ་ཞིག་འགྲོ་བསྡད་ཡོད་ཅེེས་སྙན་སེང་ཞུ་རྒྱུ་ཡིན།

གཞན་ཡང་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་ནང་ཞུས་པ་གཞིར་བཟུང་། ང་ཚོ་གྲོས་ཚོགས་དེ་ཚར་བའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ལ་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ཕེབས་ཐུབ་རྒྱུའི་ལས་རིམ་གང་ལ་གང་འཚམ་གྲུབ་བསྡད་ཡོད། གཞན་ཡང་རྒྱ་གར་དབུས་སའི་གྲོས་ཚོགས་ཀྱི་འཐུས་མི། བོད་དོན་ཞུ་སྐུལ་གྱི་ལས་རིམ་ནང་ལ་སྤྱི་འཐུས་རྣམ་པ་ཆ་བགོས་བྱས་ཏེ་རིགས་གཅིག་ཕེབས་ཟིན་པ་རེད། ད་ལྟ་ཡིན་ནའང་ལས་རིམ་དེ་མུ་མཐུད་ནས་ཚ་ཚ་འུར་འུར་གྱི་ཐོག་ནས་འགྲོ་ཐུབ་རྒྱུའི་རེ་བ་ཆེན་པོ་འདུག་ཅེས་ཞུ་རྒྱུ་ཡིན།

དེ་བཞིན་ཚོགས་གཙོ་རྒྱལ་སྤྱིའི་ཚོགས་འདུ་རིགས་གཅིག་དང་བོད་པའི་སྤྱི་ཚོགས་ནང་ཚོགས་པ་དང་དགོན་སྡེ་ཁག་གི་མགྲོན་འབོད་གནང་བ་བཞིན། ཚོགས་གཙོ་ཆེད་དུ་བཅར་ནས་གཏམ་བཤད་ཐེངས་མང་ཞུ་ཐུབ་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་གོ་སྒྲིག་བྱས་ཏེ་བོད་དོན་གྱི་ཐོག་ལ་ལྡི་ལི་དང་ Lucknow གཉིས་ལ་དམིགས་བསལ་ཚོགས་འདུ་ཞིག་གོ་སྒྲིག་ཞུ་ཐུབ་ཡོད། གཞན་ཡང་གནད་ཡོད་མི་སྣ་རེད། གསར་འགོད་པ་རེད་མང་པོ་ཞིག་མཇལ་འཕྲད་བྱས་ཏེ་བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་མང་གཙོའི་འབྱུང་རིམ་སོགས་ལ་དྲི་བར་ལན་འདེབས་དང་དམིགས་བསལ་གསལ་བཤད་ཞུ་རྒྱུའི་གོ་སྐབས་བྱུང་ཟེར་ནས་འདི་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་གྱི་སྤྱི་ལྷན་ཚོགས་དྲུང་ལས་ཁུངས་ཀྱི་འཛིན་སྐྱོང་ལས་དོན་བྱེད་ཕྱོགས་ཐོག་ལའང་འཐུས་ཤོར་མེད་པ་གང་ལ་གང་འཚམ་གྱི་ཡག་ཏུ་ལྟ་བུ་ཕྱིན་ཡོད་ཅེས་ཞུ་རྒྱུ་ཡིན། ད་གིན་གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུངས་པ་གཞིར་བཟུང་རེད། མ་འོངས་པར་ཨ་རིའི་ USAID རོགས་ཚོགས་ནས་རྒྱ་གར་གྱི་ཧིན་སྒོར་འབུམ་བརྒྱ་ཙམ་ཞིག་རོགས་དངུལ་ཡོང་ཐུབ་པའི་རེ་བ་འདུག འཛིན་སྐྱོང་མཉམ་དུ་གོ་བསྡུར་བྱུང་སོང་། དེའི་ཐོག་ནས་གྲོས་ཚོགས་ཀྱི་ནུས་པ་དང་འཛིན་སྐྱོང་ཡར་རྒྱས་གཏོང་རྒྱུ། ས་གནས་འཐུས་ཚོགས་ཁག་ལ་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཕན་ཐོགས་པའི་ལས་རིམ་ཞིག་ཡོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་ཞུ་རྒྱུ་ཡིན། དེ་དག་ང་ཚོ་ལས་བསྡོམས་ཀྱི་ཚུལ་དུ་སྙིང་བསྡུས་བྱས་ཏེ་ཞུས་པ་ཡིན།

དེ་བཞིན་ཚོགས་གཙོ་དམ་བཅའ་ཕུལ་བའི་རྗེས་སུ་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་གཙོ་གཉིས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་བཀའ་དྲིན་བསྩལ་གནང་སོང་། དུས་དེ་ནས་བཟུང་ང་ཚོ་སྤྱི་པའི་ལས་དོན་གྲུབ་རྒྱུ་དང་། ལྷག་པར་གྲོས་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་ཞུ་རྒྱུའི་སྲོག་གི་ཟུང་དང་སྤོབས་པ་ལྟ་བུ་ཞིག་བྱུང་སོང་། འདི་འདྲའི་ཐོག་ནས་གྲོས་ཚོགས་ཀྱི་ལས་དོན་ཡོངས་རྫོགས་གང་ལ་གང་འཚམ་གྲུབ་ཐུབ་པ་དེ་དམིགས་བསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་གཟིགས་པ་གནང་བ་ཁོ་ན་ལས་བྱུང་བ་ཆགས་བསྡད་ཡོད། དེ་ཡིན་དུས་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་བོད་སྤྱི་པའི་ལས་དོན་ཕྲན་བུ་གྲུབ་རྒྱུའི་བདག་ལྟ་བུར་མཚོན་ན། འདི་འདྲའི་གོ་སྐབས་བྱུང་བ་མི་ཚེའི་ནང་ལ་རིན་ཐང་ཆེན་པོ་ཡོད་པ་ཞིག་ལ་བརྩི་ཡི་ཡོད། དེ་ཡིན་དུས་འབྲེལ་ཡོད་རྒྱབ་སྐྱོར་གནང་མཁན་དང་དེ་བཞིན་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ཆེ་ཟེར་ནས་ཞུ་རྒྱུ་ཡིན། དེ་བཞིན་གྱི་ང་ཚོ་གལ་ཆེ་བ་གཅིག་དེ། ང་ཚོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ན་རིམ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ལྟ་བུ་མཚོན་པ་ཡིན་ན། བོད་མི་དང་དམིགས་བསལ་གྱི་ལས་སྨོན་གྱི་འབྲེལ་བ་ཡོད་པ། ༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཡིན་ནའང་ཐུགས་བརྩེ་གཟིགས་ཆེན་པོས་ང་ཚོ་བོད་མི་སྐྱོང་བ་དེ་ང་ཚོས་ཚད་འཇལ་དཀའ་བ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། ངས་དེ་སྔོན་གྱི་གྲོས་ཚོགས་ཚོགས་དུས་བཞི་པའི་མཇུག་བསྡོམས་ཀྱི་གཏམ་བཤད་ནང་ལ། དཔེ་མཚོན་ཙམ་ཞུས་ཡོད། ད་རེས་བསྐྱར་དུ་གཅིག་ཞུ་འདོད་བྱུང་། ” ཕྱི་ལོ་ ༢༠༡༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་གྱི་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་སུ་ Guwahati ནས་ Dibrugarh ཡི་བར་ལ་གནམ་གྲུ་ནང་ཆིབས་བསྒྱུར་བསྐྱངས་པ་རེད། སྐབས་དེ་དུས་གནམ་གྲུ་ཆུང་ཆུང་དེའི་ནང་འགྲོ་དུས་ཆར་འཚུབ་ཀྱི་ཐོག་ནས་ཨ་ཁ་ཛ་དྲག་གི་གནས་སྟངས་ཤིག་ལྷག་སོང་སྙམ་པའི་ཚོར་སྣང་བྱུང་ཞེས་གསུངས་པ་དང་། ཡིན་ཡང་བོད་མི་ས་ཡ་དྲུག་གི་གནས་སྟངས་དེ་གང་འདྲ་ཆགས་ཀྱི་ཡོད་ན་བསམ་པ་སེམས་པའི་ནང་ལ་ཐུགས་ཚོར་ཤུགས་ཆེན་པོ་བྱུང་སོང་ “ཟེར་ནས་ང་ཚོར་དེ་བཀའ་ཕེབས་གནང་སོང་། དེ་ཡིན་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པའི་ནང་ལ་བོད་མི་རིགས་ལ་ཐུགས་འཁུར་ཆེན་པོ་གནང་བ་འདི་ཚོ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཞིག་དང་རླབས་ཆེན་པོ་ཞིག་ཆགས་ཡོད་པ་རེད། རྩ་བའི་ད་ལྟའི་དུས་ཚོད་འདིར་ཕྱོགས་གཅིག་ནས་བལྟས་པ་ཡིན་ན། བོད་ས་ཤོར་ནས་གནས་སྟངས་ཐབས་སྐྱོ་པོ་འདྲ་པོ་ཞིག་ཆགས་བསྡད་ཡོད་པ་རེད་དེ། ཕྱོགས་གཞན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་གཟིགས་པ་དང་བཀའ་དྲིན་གྱི་འོག་ནས་ང་ཚོ་ལས་རིམ་བརྩམས་གནང་བ་དེ་དག་དཔེར་ན། བསྐལ་བཟང་དུས་བཟང་གི་དུས་ཚོད་འདྲ་པོ་ཞིག་བརྩིས་པ་ཡིན་ནའང་མི་ཆོག་པ་མེད་པ་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ད་ལྟ་ང་ཚོ་གྲོས་ཚོགས་ལྟ་བུར་ཆ་མཚོན་པ་ཡིན་ན། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྐུ་ཚབ་ངོས་ནས་བོད་མི་ས་ཡ་དྲུག་གི་ངོ་ཚབ་དང་བོད་སྤྱི་པའི་ལས་དོན་བརྩམས་བཞིན་པ་ཆགས་ཀྱི་ཡོད་པ་རེད། མང་གཙོའི་སྒྲིག་འཛུགས་ཚད་དང་ལྡན་པ་འདི་ལྟ་བུ་ཞིག་ཡོང་ཐུབ་པའི་རྒྱུ་མཚན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་དུས། ང་ཚོའི་ངོས་ནས་བཀའ་དྲིན་ཚོར་དགོས་པ་དང་། དེ་བཞིན་བོད་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཀྱང་བཀའ་དྲིན་ཚོར་ཤེས་ཐུབ་དགོས་པ་དེའང་ཧ་ཅང་གི་གལ་འགངས་ཆེན་པོ་རེད། ད་ནང་བཀུར་འོས་སྤྱི་འཐུས་གཅིག་གིས་གསུང་བབ་ལ་བརྟེན་ནས་ད་ལྟའི་དཔལ་ལྡན་བཀའ་ཤག་གི་ཐོག་ནས་གསལ་བཤད་ཕེབས་སོང་། འདི་འདྲའི་༸སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་དང་སྐུར་འདེབས་རིགས་ཧ་ལམ་སེམས་ཀྱི་ཟུར་ལའང་དྲན་མི་ཕོད་པ་ཞིག་དང་། གལ་སྲིད་འདི་རིགས་དྲན་པ་ཡིན་ནའང་ལས་འབྲས་ཆུད་ཟ་བར་གཅིག་དང་། དྲིན་ལན་ལོག་འཇལ་གྱི་ངོ་བོ་ལྟ་བུ་ཞིག་ལ་བརྩི་ཡི་ཡོད། དེ་ཡིན་དུས་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་དྲིན་ལན་ལོག་འཇལ་མ་སོང་བར། བོད་མི་ཚང་མས་རྣམ་པ་ཀུན་ཏུ་ཡིད་གཟབ་གནང་དགོས་པ་ཞིག་དང་། ཁོང་གི་མཛད་འཕྲིན་ལ་གཞོགས་འདེགས་སུ་འགྲོ་ཐུབ་དགོས་རྒྱུ། ཐུགས་མཉེས་པའི་རྗེས་སུ་བཟུང་ཐུབ་ཐབས་གནང་དགོས་རྒྱུ་བོད་མི་ཚང་མས་ལས་འགན་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེ་ཡིན་དུས་ད་རེས་གོ་སྐབས་འདི་བརྒྱུད་ནས་འབོད་བསྐུལ་ཤུགས་ཆེན་པོའི་ཐོག་ནས་ནན་པོ་ཞུ་རྒྱུ་ཡིན།

གལ་ཆེ་བ་ཞུ་རྒྱུ་གཅིག་ལ། ང་ཚོ་བོད་མི་རྣམས་ཀྱི་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་རྒྱུ་དེ་རེད། དེ་ཡིན་དུས་ངས་རྒྱུ་མཚན་གསུམ་གྱི་ཐོག་ནས་ཞུ་ཡི་ཡོད། དང་པོ། ང་ཚོ་ཆིག་སྒྲིལ་ཡོང་རྒྱུར་མཐུན་རྐྱེན་ལྟ་བུ་དེ། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ཆོལ་ཁ་གསུམ་ནུས་པ་གཅིག་ཏུ་སྒྲིལ་ཐུབ་རྒྱུ། གཉིས་པ། དེ་བསམ་བློའི་ཁྱེར་གསོའི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་ཐུབ་དགོས་རྒྱུ་དང་། གསུམ་པ། དེ་རིག་གཞུང་དང་སྐད་ཡིག་གི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་ཐུབ་དགོས་རྒྱུའི་གནས་སྟངས་ཆགས་ཀྱི་འདུག དེ་ཡིན་དུས་དང་པོ་ང་ཚོ་ལོ་རྒྱུས་ཀྱི་ཐོག་ནས་བརྩིས་པ་ཡིན་ན། བོད་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོ་ནས་བཟུང་བོད་སིལ་བུར་མ་ཆགས་བར་ལོ་ངོ་ཆིག་སྟོང་བར་གྱི་རིང་ལ་བོད་ཆོལ་ཁ་གསུམ་ཟེར་ནས་གཅིག་སྒྲིལ་ནུས་པ་གོང་བུ་ལྕགས་ནང་བཞིན་གྱི་གནས་བསྡད་ཡོད་པ་རེད། བོད་སིལ་བུར་ཐོར་བའི་རྗེས་སུ་ཡིན་ནའང་ས་སྐྱ། ཕག་གྲུ རིན་སྤུངས་པ། སྡེ་པ་གཙང་པ། དགའ་ལྡན་ཕོ་བྲང་གི་བར་དུ་ཆོལ་གསུམ་ཆིག་སྒྲིལ་གནས་ཐུབ་ཡོད་པ་རེད། དེ་ཡིན་དུས་ལོ་རྒྱུས་ཀྱི་བྱུང་རིམ་ནང་ལའང་ང་ཚོ་ཆིག་སྒྲིལ་གནས་ཐུབ་པ་གཅིག་དང་། དེ་བཞིན་ད་ལྟའི་ང་ཚོའི་གནས་བབ་ཀྱི་ཐོག་ནས་ཡིན་ནའང་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། བོད་མི་མང་ཆེ་བ་དེ་བོད་ནང་ལ་ལྷག་བསྡད་པ་ཡིན་དུས། ཁོང་རྣམ་པའི་དཀའ་སྡུག་དེ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་གནས་སྟངས་ཆགས་བསྡད་དུས། འདི་ཚོའི་ངོ་ཚབ་མཚོན་ཐུབ་རྒྱུ་དང་། ང་ཚོའི་ངོས་ནས་དུས་དང་རྣམ་པ་ཀུན་དུ་ལས་རྒྱུ་འབྲས་ལའང་མི་རུང་བའི་གནས་སྟངས་ཤིག་ལ་བརྟེན་ནས་ཆོལ་གསུམ་ཆིག་སྒྲིལ་ཡོང་ཐུབ་དགོས་རྒྱུའི་ཐོག་འབད་བརྩོན་ཞུ་དགོས་རྒྱུ་དེའང་གལ་འགངས་ཆེན་པོ་ཆགས་འདུག་ཅེས་ཞུ་རྒྱུ་ཡིན། བསམ་བློའི་ཁྱེར་གསོའི་ཐོག་ནས་ང་ཚོ་ཐག་རིང་པོ་དེ་ཉེ་བོ་བཟོ་རྒྱུ་དེ་དག་ང་ཚོའི་བསམ་བློ་གཏོང་ཕྱོགས་ཁོ་ན་ལ་རག་ལུས་ཡོད་པ་ལྟ་བུའི་གནས་སྟངས་ཤིག་ཆགས་ཀྱི་འདུག དེ་ཡིན་དུས་ཁོང་བོད་པ་རེད། ཁོང་ང་ཚོའི་ཤ་ཁྲག་གི་འབྲེལ་བ་ཡོད་པ་རེད་སྙམ་པའི་གཅིག་གི་གཅིག་ལ་བློ་ཉེ་བོ་ཡོང་ཐབས་བྱ་རྒྱུ། འདི་ལ་དོགས་པ་རྣམ་རྟོག་མང་པོ་རིགས་མི་ཡོང་རྒྱུ། གང་ལྟར་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས་ཤིག་བཟུང་ཐུབ་པ་ཡིན་ན། འདིའི་ཐོག་ནས་ང་ཚོ་རང་བཞིན་གྱི་ཆིག་སྒྲིལ་ཡོང་ཐུབ་རྒྱུ། ཡོང་མི་ཐུབ་པའི་གནས་སྟངས་གང་ཡང་ཆགས་ཀྱི་མི་འདུག དཔེར་ན། རྒྱལ་སྲས་ཞི་བ་ལྷས་གསུང་པ་ལྟར། གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན། ཞེས་པའི་འདི་འདྲའི་བསམ་བློ་ཞིག་བཏང་བ་ཡིན་ན། རིམ་པས་བཟང་སྤྱོད་ཀྱི་བསམ་བློར་འགྱུར་བ་ཕྱིན་ཐུབ་རྒྱུ་དེ་ཏན་ཏན་དངོས་པོའི་ཆོས་ཉིད་ལྟ་བུ་ཞིག་ཆགས་བསྡད་དུས། འདི་ཚོའི་ཐོག་ལ་ང་ཚོའི་སྤྱི་ཚོགས་ཐོག་ནས་དགོངས་པ་བཞེས་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་འདུག་ཟེར་ནས་ཞུ་རྒྱུ་ཡིན། དེ་བཞིན་གྱི་གསུམ་པ། རིག་གཞུང་དང་སྐད་ཡིག་ནུས་པའི་ཐོག་ནས་ཆིག་སྒྲིལ་ཡོང་ཐུབ་དགོས་རྒྱུ་དེ། དེ་བས་ཀྱང་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོ་བོད་མི་ཞིག་ཡིན་ཕྱིན་ཆད་སོ་སོའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཟེར་བ་དེ་སོ་སོའི་གནས་སྟངས་ལས་རྩ་ཆེ་བ་ཞིག་བརྩི་ཡི་ཡོད་པ་རེད། སྐད་ཡིག་དང་རིག་གཞུང་གནས་རྒྱུར་མི་གཅིག་གཉིས་དང་མི་བཅུ་ཕྲག་འགའ་ཤས་ཀྱི་རྒྱུན་འཛིན་བྱ་ཐུབ་རྒྱུ་མེད་པ་རེད། འདི་འདྲའི་ཐོག་ནས་སྤྱི་ཚོགས་ཟེར་བ་དེ་རང་བཞིན་གྱི་གལ་ཆེན་པོ་ཆགས་ཡོད་དུས། ང་ཚོའི་སྤྱི་ཚོགས་དེ་ཆོལ་ཁ་གསུམ་གྱི་མི་མང་གི་ཐོག་ནས་གྲུབ་ཡོད་པ་རེད། དེ་ཡིན་དུས་སོ་སོའི་རིག་གཞུང་དང་སྐད་ཡིག་ལ་བརྩི་མཐོང་ཆེན་པོ་བཞག་པ་ནང་བཞིན་གྱི་སྤྱི་ཚོགས་ལའང་བརྩི་མཐོང་ཆེན་པོ་ཞིག་འཇོག་ཐུབ་པ་ཡིན་ན། དེའི་ཐོག་ནས་ང་ཚོ་ཆིག་སྒྲིལ་ཡོང་རྒྱུའི་མཐུན་རྐྱེན་བླ་ན་མེད་པ་ལྟ་བུ་ཞིག་མཐོང་གི་འདུག འདི་འདྲའི་ཐོག་ནས་ང་ཚོ་ཆིག་སྒྲིལ་ཡོང་ཐུབ་དགོས་རྒྱུ་གལ་ཆེ་བ་ཞིག་དང་། ལེགས་བཤད་འདི་ཚོའི་ནང་གསུང་གི་ཡོད་པ་རེད། མང་པོ་གཅིག་ཏུ་བློ་མཐུན་ན། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། ཞེས་པ་ལྟར་གང་ལྟར་བློ་མཐུན་པོ་དང་ནུས་པ་ཆིག་སྒྲིལ་ཡོང་བ་ཡིན་ན། ང་ཚོ་བོད་དོན་སླར་གསོ་བྱ་རྒྱུ་དང་གཞན་ཡང་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱུན་འཛིན་གནང་ཐུབ་རྒྱུར་ལས་སླ་པོའི་ངང་ནས་ཡོང་ཐུབ་རྒྱུ་ཞིག་ཆགས་ཀྱི་འདུག དེ་ཡིན་དུས་ང་ཚོས་དེའི་ཐོག་ནས་ཆོལ་གསུམ་ཆིག་སྒྲིལ་གྱི་གནས་སྟངས་དེ་འབྲེལ་ཡོད་ཚང་མས་སྒོ་ཀུན་ནས་གནང་ཐུབ་དགོས་རྒྱུ་དེ་རྒྱུ་མཚན་དེ་དག་ལ་བརྟེན་ནས་གལ་ཆེན་པོ་རེད་འདུག་ཅེས་ཚང་མས་བསམ་གཞིགས་བྱ་ཐུབ་དགོས་རྒྱུ་དེའང་གནད་འགག་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་རེད། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་དེ་འདྲ་འདྲའི་ནང་ནས་མ་འདྲ་བ་ལྟ་བུ་ཞིག་ཆགས་ཐུབ་ཡོད་པ་རེད། དེ་དག་ང་ཚོ་མུ་མཐུད་ནས་རྒྱུན་འཛིན་གནང་ཐུབ་དགོས་རྒྱུ། ནུས་པ་ཆེ་རུ་ཡོང་ཐབས་བྱ་དགོས་རྒྱུ་དེའང་གྲོས་ཚོགས་ཀྱི་ཚོགས་མི་ཚང་མའི་ཐོག་ནས་ཐུགས་འགན་བཞེས་དགོས་པ་གཅིག་དང་། ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ནས་ཀྱང་དོ་སྣང་དང་ཕྱར་གྲུ་མཉམ་འདེགས་ཡོང་ཐུབ་རྒྱུར་ཐུགས་འགན་བཞེས་དགོས་ཀྱི་འདུག་ཟེར་ནས་གསོལ་འདེབས་ཀྱི་ཚུལ་དུ་ཞུ་འདོད་བྱུང་།

གཞན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྱུར་བ་འགྲོ་བ་ནང་བཞིན་གྱི་རྒྱ་ནག་དམར་ཤོག་གི་སྒྲོམ་གཞི་ནང་དུའང་འགྱུར་བ་འགྲོ་ངེས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་གྱི་ང་ཚོ་བོད་མི་རྣམས་ཀྱི་སེམས་ཤུགས་ཡིན་ནའང་སྔར་བས་ལྷག་པ་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་གནང་ཐུབ་པ་ཡིན་ན། ཏན་ཏན་གྱི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་རེད། དེའི་ཐོག་ནས་རིམ་པས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རེ་བ་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག རེ་བ་མང་བ་དེ་རྒྱ་ནག་གཞུང་གི་འགན་ཁུར་བཞེས་ཕྱོགས་དང་མདུན་བསྐྱོད་བྱེད་ཐབས་ལ་རག་ལུས་ཡོད་དུས། འདི་འདྲའི་ཐོག་ནས་ཡོང་དགོས་རྒྱུ་གཅིག་རེེད་ལ། ང་རང་ཚོ་འབྲེལ་ཡོད་ཚང་མའི་ཐོག་ནས་དུས་རྒྱུན་དུ་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་འདི་འདྲའི་ཐོག་ནས་དགོངས་པ་བཞེས་ཏེ་གང་ལྟར་ལས་དོན་བརྩམས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་འདུག་ཟེར་ནས་ཞུ་རྒྱུ་ཡིན།

ད་རེས་ང་ཚོ་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་ཚགས་ཚུད་པོ་ཡོང་རྒྱུར་མཐུན་འགྱུར་གལ་ཆེ་བ་ཁག་ཅིག་ཡོད། གཙོ་བོ་ཚོགས་དྲུང་གཙོས་པའི་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རེད། གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་གནང་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་དང་ཀམ་པུ་ཌར་སྡེ་ཚན། གྲོས་ཚོགས་ཀྱི་ལས་ཉིན་བཅུའི་རིང་ལ་ལས་ཁུངས་སུ་སྔ་པོ་ཕེབས་རྒྱུ་དང་ཕྱི་པོ་བཞུགས་དགོས་རྒྱུ། ཚོགས་དྲུང་གི་ལས་བྱེད་ཡོངས་དང་དེ་བཞིན་ཕྱི་ནང་གི་བདེ་འཇགས་ཆེད་དུ་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་ཐུགས་སྣང་དང་འགན་ཁུར་ཆེན་པོ་བཞེས་གནང་སོང་། དེ་ཡིན་དུས་ཁོང་རྣམ་པར་ད་རེས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། དེ་བཞིན་ང་ཚོ་གྲོས་ཚོགས་ཀྱི་ལས་རིམ་སྒྲ་ཕབ་ཞུ་མཁན་ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་དྲུག་ཞིག་དུས་རྒྱུན་དུ་ནས་དེར་ཕེབས་བསྡད་ཀྱི་ཡོད། དེ་ཡིན་དུས་ཁོང་རྣམ་པར་ད་རེས་གོ་སྐབས་འདི་བརྒྱུད་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕལ་ཆེར་ཚོགས་གཙོའི་མཇུག་བསྡོམས་ཀྱི་གཏམ་བཤད་ཞུ་རྒྱུ་དེ་ནས་མཚམས་འཇོག་རྒྱུ་ཡིན། ད་རེས་གྲོས་ཚོགས་འདི་གྲོལ་ནས་ཟླ་བ་དྲུག་གི་རྗེས་ལ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་དང་བཀུར་འོས་སྤྱི་འཐུས་རྣམ་པ་གཟུགས་ཁམས་བདེ་ཐང་དང་སྤྱི་པའི་ལས་དོན་ཐོག་མཉམ་ཞུགས་ཡོང་ཆེད་རེ་བ་དང་སྨོན་ལམ་ཞུ་ཡི་ཡོད། དེ་བཞིན་ཕྱི་ཟླ་ ༡༢ པའི་ཚེས་ཤར་ལ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་ཕེབས་ཀྱི་ཡོད། ཁོང་གི་ལས་དོན་ཐམས་ཅད་ལམ་ལྷོང་ཡོང་རྒྱུར་སྨོན་འདུན་ཞུ་ཡི་ཡོད། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱི་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཞིང་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།