དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཚོགས་ཁང་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༢ ཉིན་གྱི་སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཐུ་མི་ཚོགས་ཁང་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་སོང་།

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འཛིན་སྐྱོང་སྦྱོང་བརྡར་ཁང་དང་བདེ་དོན་ཚོགས་པའི་ཚོགས་ཁང་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དེ་བཞིན་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་དང་སྲི་ཞུའི་ལས་བྱེད་རྣམ་པ། རང་སྐྱོང་སྒྲིག་འཛུགས་ཁག་གི་འགན་འཛིན་རྣམ་པ། གཞན་སྐུ་མགྲོན་བཅས་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་འཛིན་སྐྱོང་སྦྱོང་བརྡར་ཁང་གི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ལ་བདེ་སྲུང་ལྷན་ཁང་རེད། སྣེ་ལེན་འབྲེལ་མཐུད་ཁང་ནས་མགྲོན་འབོད་གནང་བ་གཞིར་བཟུང་བཅར་ཐུབ་པ་བྱུང་སོང་། དེ་རིང་གོང་དུ་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་དང་། བདེ་སྲུང་བཀའ་བློན་མཆོག་གིས་གསུང་བཤད་གནང་བའི་ནང་། འཛིན་སྐྱོང་སྦྱོང་བརྡར་ཁང་གི་དམིགས་ཡུལ་དང་། ལས་དོན་གནང་ཕྱོགས་གསུངས་གནང་སོང་། དེ་ཡིན་དུས་ངས་ཐུགས་ཕན་གསོ་ཐུབ་པའི་གཏམ་བཤད་ཅིག་ཞུ་ཐུབ་མིན་བཤད་ཤེས་མ་སོང་།

ང་རང་ཚོ་རྩ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་རེད། ང་ཚོའི་སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན་ནང་། གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། བོད་ཀྱི་ཁོར་ཡུག་ཐོག་ལ་ཚང་མས་དོ་སྣང་དང་འགན་འཁུར་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ས་གནས་ཀྱི་ཁྱབ་ཁོངས་སུ་ཡིན་ནའང་། རྩ་བའི་ལམ་སྟོན་དེ་དང་འབྲེལ་བ་ཡོད་པ་ཞིག་ཆགས་དགོས་པ་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག དེ་རིང་འདིར་འཛིན་སྐྱོང་སྦྱོང་བརྡར་ཁང་དེ་ལྟ་བུ་མཚོན་པ་ཡིན་ན། ཐོག་མའི་དམིགས་ཡུལ་གཞིར་བཟུང་ཚོགས་པའི་ཚོགས་མི་རེད། དེབ་བསྐྱེལ་བྱེད་སྟངས་དེ་ཚོའི་གྲས་མ་འོངས་པར་ཕུགས་ལ་ཕན་ཐོགས་ཐུབ་པའི་ནུས་པ་ཡོད་པ་འདྲ་པོ་མཐོང་སོང་། དེ་ཡིན་དུས་ཕྱག་ལས་གནང་མཁན་དང་། འགན་འཁུར་མཁན་ཡོངས་ནས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ནས་ཕྱག་ལས་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། རྩ་བའི་འཛིན་སྐྱོང་སྦྱོང་བརྡར་ཁང་འདི་སྣེ་ལེན་ཁང་ནང་ཆགས་ཡོད་རེད། སྣེ་ལེན་ཁང་ལྟ་བུར་མཚོན་ན། ད་ལྟའི་ཆར་བོད་ནས་གསར་དུ་ཕེབས་ཐུབ་མཁན་ཞེ་དྲག་མེད་ཀྱང་། མ་འོངས་པར་ཕེབས་ཐུབ་སྲིད་པ་རེད། ཡིན་ནའང་ད་ལྟའི་ཆར་ཁང་ཁུངས་ཆེན་པོ་ཡོད་ཙང་། འདི་ལྟ་བུ་བེད་སྤྱོད་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་འདྲ་པོ་འདུག་བསམ་པ་དྲན་སོང་།

གཙོ་བོ་འཛིན་སྐྱོང་སྦྱོང་བརྡར་ཁང་དེ་བརྒྱུད་ནས་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས། དེ་ཡང་ཞིབ་ཕྲ་འདྲ་པོ་ཞིག་ཞུས་པ་ཡིན་ན། ཆོས་དང་རིག་གཞུང་། དཔལ་འབྱོར་གྱི་ལས་དོན་ཐོག་ཡིན་ནའང་འདྲ། སྤྱི་ཚོགས་འཕྲོད་བསྟེན་ལས་དོན་ཡིན་ནའང་འདྲ། དེ་བཞིན་བོད་དོན་ཁྱབ་བསྒྲགས་གནང་རྒྱུས་མཚོན་བོད་དོན་ཐོག་སེམས་འཁུར་སླེབས་ཐུབ་པ་བཟོ་རྒྱུའི་ལས་འགུལ་བརྩམ་གནང་རྒྱུ་ཡིན་ནའང་འདྲ། མ་འོངས་པ་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་གྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཡིན་ནའང་འདྲ། གང་ལྟར་སྦྱོང་བརྡར་ཞིག་གནང་ནས་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་ཐུབ་པ་ཙམ་མ་ཟད། འཛམ་གླིང་སྤྱིའི་ནང་ལའང་ཐུགས་ཕན་གསོ་ཐུབ་པ་ཞིག་ཡོང་བ་ཡིན་ན། ཏན་ཏན་གྱིས་སྒེར་དང་སྤྱི་པ་གཉིས་ཀར་ཕན་པའི་ལས་ཀ་ཞིག་ཆགས་ཀྱི་མིན་ན་བསམ་གྱི་འདུག

རྩ་བའི་ང་རང་ཚོས་བོད་ཀྱི་སྐད་ཡིག་དང་། ཆོས་རིག་གཞུང་སྲུང་སྐྱོབ་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། བོད་ནང་ལྟ་བུར་མཚོན་པར་ཡིན་ན་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་གྱིས་དམ་བསྒྲགས་གནང་གི་ཡོད་པ་དང་། དེ་བཞིན་ཆོས་དང་རིག་གཞུང་སོགས་ལའང་དམ་བསྒྲགས་གནང་བཞིན་ཡོད་རེད། གང་ལྟར་ཁ་ཐུག་ཞུས་པ་ཡིན་ན་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་རྒྱུའི་སྲིད་བྱུས་རང་འཛིན་བཞིན་ཡོད་པ་རེད། ང་རང་ཚོ་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱིས་ག་ཚོད་སྙོབ་ཐུབ་ཐུབ་ཀྱིས་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད་རེད། ཡིན་ནའང་ང་རང་ཚོ་གཞན་དབང་སྟབས་བསྟུན་ཡིན་དུས་ཁྲིམས་ཀྱི་ཐོག་ནས་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་ནུས་པ་དེ་ཙམ་ཡོང་ཐུབ་ཀྱི་མི་འདུག ང་ཚོ་དགེ་འདུན་པ་དེ་ཚོས་གཅིག་བཤད་སྲོལ་ཡོད་རེད། དགེ་འདུན་རང་ཁྲིམས་ཟེར་བ་བཞིན། ང་རང་ཚོ་བོད་པ་ཞིག་ཡིན་ཕྱིན་ཆད་བོད་པའི་རིག་གཞུང་དང་། སྐད་ཡིག་ལ་དོ་སྣང་སླེབས་ཐུབ་དགོས་པ་དེ་སོ་སོའི་ལས་འགན་ཡིན་བསམ་པའི་སྦྱོང་བརྡར་དེ་འདྲ་སྤྲད་ཐུབ་པ་དང་སྤྱི་ཚོགས་ནང་ཁྱབ་ཐུབ་པ་ཡིན་ན་ཏན་ཏན་གྱིས་ཐུགས་ཕན་ཆེན་པོ་ཞིག་གསོ་ཐུབ་ཀྱི་རེད་བསམ་གྱི་འདུག དེ་བཞིན་བོད་ཀྱི་རྩ་དོན་ཐོག་ལའང་ཕན་ཐོགས་ཐུབ་ཀྱི་རེད།

ད་ལྟའི་ཆར་རྒྱ་ནག་ནང་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་གསལ་པོ་རེད། ང་རང་ཚོ་བོད་ཀྱི་རྩ་དོན་ཐོག་ལ་མཚོན་ནའང་། རིགས་གཅིག་གིས་བཟང་ཕྱོགས་ཀྱི་རེ་བ་ཡོད་པ་ཞིག་དང་། རིགས་གཅིག་གིས་དེ་ཙམ་རེ་བ་མེད་ཚུལ་བཤད་མཁན་ཡང་ཡོད། ཡིན་ནའང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐུབ་རྒྱུ་དང་། དེའི་ཐོག་ནས་གཞིས་བྱེས་མཉམ་འཛོམས་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་དང་བོད་ལ་ཕེབས་ཐུབ་རྒྱུ་དང་། གང་ལྟར་བཟང་ཕྱོགས་ནས་རེ་བ་བརྒྱབ་ས་ཡོད་པ་འདྲ་པོ་ཞིག་མཐོང་གི་ཡོད་རེད། དེ་ཚོའི་གྲས་རེ་བ་རྒྱག་ས་འདུག་བསམ་ནས་བཞག་ན་འགྲིག་གི་ཡོད་མ་རེད། དེའི་ཐོག་ལ་ལས་དོན་བརྩམས་ནས་ནུས་པ་འདོན་ཐུབ་པ་བཟོ་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། སྤྱི་ཚོགས་ཐོག་ནས་ཡིན་ནའང་འདྲ། འགན་འཁུར་མཁན་ཐོག་ནས་ཡིན་ནའང་དེའི་ཐོག་ལ་ནུས་པ་འདྲ་པོ་ཡོང་ཐུབ་པ་ཡིན་ན་ཏན་ཏན་གྱིས་བཟང་ཕྱོགས་ཀྱི་ཁོར་ཡུག་ཅིག་ཡོང་ཐུབ་ཀྱི་རེད་བསམ་གྱི་འདུག གང་ལྟར་འཛམ་གླིང་གྱི་ལོ་རྒྱུས་ནང་བལྟས་ཡོང་དུས། དེ་འདྲའི་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་པ་ཤུགས་ཆེན་པོ་ཞེ་དྲག་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་ཚོས་འབད་བརྩོན་བྱེད་ཐུབ་དགོས་པ་དང་། ལྷག་པར་དུ་བོད་མི་རིགས་ཀྱི་རིག་གཞུང་རེད། ཆིག་སྒྲིལ་རེད་དེ་ཚོ་རླབས་ཆེན་པོ་ཞིག་ཡོང་བ་ཡིན་ན། བོད་རང་དབང་སླར་གསོ་ཡོང་མ་ཐུབ་པའི་རྒྱུ་མཚན་རྩ་བ་ཉིད་ནས་མཐོང་གི་མི་འདུག ང་ཚོའི་སྤྱི་ཚོགས་ལ་ནུས་པ་ཞིག་ཡོད་ཕྱིན་ཆད་ནུས་པ་དེའི་གྲུབ་འབྲས་ཤིག་ཡོང་གི་རེད། ང་རང་ཚོར་ནུས་པ་མེད་པ་ཡིན་ན། སྤྱི་ཚོགས་ནང་ལ་ནུས་པ་འདོན་མི་ཐུབ། རྒྱ་ཆེ་ས་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་མི་ཐུབ་པར་རང་ཁར་ལྷག་བསྡད་རྒྱུ་མ་གཏོགས་གཞན་གང་ཡང་མེད། དཔེར་ན་སོ་སོ་སྒེར་ལྟ་བུར་མཚོན་པར་ཡིན་ན། སོ་སོས་ཉིན་མ་ཉིན་མར་སློབ་སྦྱོང་ལ་འབད་བརྩོན་བྱས་པ་ཡིན་ན། སློབ་སྦྱོང་དེ་ཤེས་ནས་མཐའ་མར་སོ་སོས་གཞན་ལ་གོ་བརྡ་སྤྲད་ཐུབ་རྒྱུའི་ནུས་པ་དེ་ཡོང་གི་ཡོད་པ་དང་། སོ་སོས་གང་ཡང་མ་བྱས་ན་འགྱུར་བ་འགྲོ་ཐུབ་ཐབས་མེད། དེ་ཡིན་དུས་ང་རང་ཚོ་གཞི་རིམ་སྤྱི་ཚོགས་ཐོག་ནས་ཡིན་ནའང་ཐུགས་སྣང་དང་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་མིན་ན་བསམ་གྱི་འདུག

དེ་འདྲའི་ཐོག་ནས་འཛིན་སྐྱོང་སྦྱོང་བརྡར་ཁང་ནས་དུས་རྒྱུན་དུ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད། འཛམ་གླིང་སྤྱི་ལ་ངོམ་ཆོག་རྒྱུའི་བོད་ཀྱི་ཆོས་དང་རིག་གཞུང་དེ་ཚོའི་གྲས་ལ་དོ་སྣང་སླེབས་ཐུབ་པ། སེམས་འཁུར་ཡོང་ཐུབ་པ་བཟོ་རྒྱུ་བཅས་ཀྱི་དམིགས་ཡུལ་འཛིན་ནས་འགན་འཁུར་བཞེས་ཐུབ་པ་ཡིན་ན་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག དེའི་ཐོག་ལ་འབྲེལ་ཡོད་ཚང་མས་ཐུགས་གཟབ་དང་འབད་བརྩོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ངས་སྐད་ཆ་མང་པོ་ཞུ་གི་མིན། འདིར་མཚམས་བཞག་གི་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཅེས་གསུངས།

 

Menu