དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༣༠ པའི་མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་ནང་ཕྱི་ཟླ་ ༩ ཚེས་ ༣ ནས་ཚེས་ ༧ བར་གྱི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༣༠ པའི་ཚོགས་འདུའི་མཇུག་སྡོམ་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེའི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་ཡེ་ཤེས་དབང་མོ་ལགས་དང་། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྐུའི་བླ་སྨན་ཚེ་དབང་རྟ་མགྲིན་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་རག་རྡོ་བློ་བཟང་བསྟན་འཛིན་ལགས་དང་། རྒྱུན་ལས་ཚོགས་མི་སྨན་པ་སྤེན་པ་ཚེ་རིང་ལགས་བཅས་ཕེབས་གནང་ཡོད་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བཙུགས་གནང་བར་བརྟེན། རྒྱལ་སྤྱིའི་ནང་མི་མང་པོས་བོད་ཀྱི་གསོ་བའི་རིག་པའི་ཐོག་དོ་སྣང་ཆེན་པོ་སླེབས་ཐུབ་པ་དང་། ལྷག་པར་དུ་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་ཇགཱཏ་ པརྐཤ་ ན་ཌཱ་ (Shri Jagat Prakash Nadda) མཆོག་གིས་བོད་ཀྱི་གསོ་བ་རིག་པ་དང་། སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་བསྔགས་བརྗོད་གནང་ཡོད། སྤྱིར་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ཚང་མ་གལ་ཆེན་པོ་ཡིན་ཡང་། འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་དང་། བོད་ལུགས་སྨན་བཅོས། དེ་བཞིན་བོད་ཀྱི་ལྷ་མོ་དང་ཟློས་གར་བཅས་ལ་དམིགས་བསལ་གྱིས་དོ་སྣང་སླེབས་པར་བརྟེན། བཙན་བྱོལ་ནང་རིག་གནས་བཅུའི་ནང་ནས་ཁྱད་པར་བོད་ཀྱི་ནང་དོན་རིག་པ་དང་། གསོ་བ་རིག་པ། ཟློས་གར་བཅས་དམིགས་བསལ་གྱིས་འབུར་དུ་འདོན་ཐུབ་པ་བྱུང་ཡོད། བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་རྣམས་རྩ་བརླག་བཏང་དང་གཏོང་མུས་ཡིན་སྟབས། བཙན་བྱོལ་ནང་ང་ཚོས་བོད་ཀྱི་རིག་གནས་ཆེ་ཆུང་མཐའ་དག་སྲུང་སྐྱོབ་དང་། གོང་འཕེལ། ཁྱབ་སྤེལ་གཏོང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། ཁྱེད་རྣམས་ནི་སྨན་བཅོས་བྱེད་མཁན་གྱི་སྨན་པ་ཡིན་དུས། རྒྱུན་དུ་ནད་པ་བརྒྱ་ཕྲག་མང་པོ་དང་འཕྲད་བཞིན་ཡོད། དེའི་སྐབས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྐོར་་ཞོར་དུ་ངོ་སྤྲོད་ཕྲན་བུ་གནང་ཐུབ་ན་ཧ་ཅང་གི་ཕན་ཐོགས་ཡོད།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐོག་སློབ་སྦྱོང་བྱས་ཚར་བའི་རྗེས། རྣམ་པ་ཚོས་རིག་གནས་དེ་སྲུང་སྐྱོབ་དང་། རྒྱུད་འཛིན། མུ་མཐུད་རྒྱུན་གནས་ཐུབ་པ་གནང་དགོས་པ་ལས་དེ་མིན་ཚོང་དང་འགྲན་བསྡུར་གྱི་ངོ་བོར་མ་འགྱུར་བ་གནང་དགོས་པ་དང་། སྨན་དང་མཉམ་དུ་བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལུགས་ལའང་གོང་འཕེལ་དང་ཁྱབ་སྤེལ་གནང་དགོས། དེ་བཞིན་ལྷན་ཚོགས་དེ་སྲ་བརྟན་ཡོང་རྒྱུར་རང་ཁ་རང་གསོ་བྱེད་དགོས་པ་དང་། དཔལ་འབྱོར་ཐབས་ཤེས་མ་ཐུབ་པའི་དབང་གིས་ལྷན་ཚོགས་དེ་གནས་མ་ཐུབ་ན་ཐབས་སྐྱོ་པོ་རེད། སྨན་པ་ཚོ་དང་། སྨན་པ་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་དཔལ་འབྱོར་མཐུན་འགྱུར་སྦྱར་ཐབས་གནང་ན། སྒྲིག་འཛུགས་སྲ་བརྟན་ཡོང་གི་རེད། དུས་རྒྱུན་དུ་སྨན་པ་རྒན་པ་རྣམས་ལ་བརྩི་བཀུར་གནང་ཐོག་ཁོང་རྣམས་ཀྱི་ཡོན་ཏན་རྣམས་བླང་དགོས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་བ་དང་།

དེ་བཞིན་ང་ཚོ་བཙན་བྱོལ་བ་ཡིན་པའི་ཆ་ནས། འདས་པའི་མི་ལོ་ ༥༩ རིང་ལ་གཞན་དབང་སྟབས་བསྟུན་ཡིན་པ་དང་། བོད་ནང་རྒྱ་ནག་གཞུང་གི་མཁྲེགས་འཛིན་སྲིད་བྱུས་འོག་བོད་མི་རྣམས་མུ་མཐུད་དཀའ་ངལ་མྱོང་བཞིན་ཡོད་པ་མ་ཟད། རང་ལུས་མེར་བསྲེགས་ཀྱང་ཕུལ་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་གནམ་ཐང་གསར་པ་གསུམ་འཛུགས་རྒྱུ་དང་། བོད་དང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་བར་མེ་འཁོར་གྱི་ལྕགས་ལམ་འཛུགས་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་ཁག་དང་། ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ང་ཚོས་བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་རྒྱལ་སྤྱིའི་ནང་ངོ་སྤྲོད་བྱེད་ཐུབ་དགོས།

ཧི་མྰ་ལ་ཡའི་ཁུལ་ནས་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་གསུང་དོན། བོད་དང་ཧི་མྰ་ལ་ཡའི་ཁུལ་གཉིས་ཀྱི་ཆོས་དང་། རིག་གཞུང་གཅིག་པ་ཡིན་པའི་ཆ་ནས། ཁྱེད་རྣམས་ནས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་སྤེལ་སླད་ཕན་ཐོགས་ཆེན་པོ་གནང་གི་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཚོགས་ཐེངས་ ༣༠ པའི་མཇུག་སྡོམ་མཛད་སྒོར་གདན་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག མཛད་སྒོའི་མཐའ་མར་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རག་རྡོ་བློ་བཟང་བསྟན་འཛིན་་ལགས་དང་། ཚོགས་པའི་རྒྱུན་ལས་ཚོགས་མི་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཐེངས་ ༣༠ པའི་གསར་འགོད་གསལ་བསྒྲགས་གནང་རྗེས་མཛད་སྒོ་མཇུག་བསྒྲིལ་གནང་ཡོད་པ་བཅས། །

Menu