༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་རྡ་ས་མེག་གྷན་ (Club House) ཞེས་པའི་ཚོགས་ཁང་ནང་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་ཞུས་ནས་ལོ་ངོ་ ༣༤ ཧྲིལ་པོ་འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་མཛད་སྒོ་ཞིག་ཚོགས་གནང་སོང་།
སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་དབུས་སའི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་རྣམ་པ། གཞན་ཡང་སྐུ་མགྲོན་ཁག་དང་། ས་གནས་མི་མང་བཅས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལངས་གླུ་བཏང་།
དེ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་། དྲུང་ཆེ་ཚེ་རིང་ཆོས་འཛོམས་ལགས་གཉིས་ཀྱིས་བོད་ཨིན་གཉིས་ཀྱི་བསྒྲགས་གཏམ་སོ་སོར་སྒྲོགས་སྦྱང་གནང་རྗེས། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གནང་།
ཕྱོགས་མཚུངས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་བཀའ་སློབ་གནང་དོན། དེ་རིང་གི་མཛད་སྒོ་དེ་བོད་ཀྱི་ལོ་རྒྱུས་ནང་གལ་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་ང་ཚོ་བོད་ཀྱི་གནས་སྟངས་ཉག་ཕྲ་བའི་ལོ་རྒྱུས་ཀྱི་དུས་ཚོད་གཅིག་ལ་བུད་མེད་འདས་པོ་རྣམ་པ་ཡིན་ནའང་འདྲ། ཞལ་བཞུགས་མཁན་རྣམ་པ་བཅས་ཚང་མས་དངོས་གནས་ཀྱི་སེམས་ཤུགས་དང་ལྷག་བསམ། སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་སྒྲིག་འཛུགས་དེ་བཙུགས་ཐུབ་པ་དང་། དེ་བཞིན་སྒྲིག་འཛུགས་བཙུགས་ཐུབ་པ་ཙམ་མ་ཟད། དམིགས་ཡུལ་གཞིར་བཟུང་མདུན་བསྐྱོད་བྱེད་ཐུབ་པ་དེར་དམིགས་བསལ་གྱི་དགའ་ཚོར་དང་བསྔགས་བརྗོད་ཡོད་ཅེས་ཞུ་རྒྱུ་ཡིན།
ང་ལྟ་བུར་མཚོན་ན། སྤྱི་ཚོགས་ཀྱི་ཤེས་བྱ་དང་། འཇོན་ཐང་ཡོད་མཁན་དེ་འདྲ་གང་ཡང་མ་རེད། ཡིན་ནའང་བོད་མི་གཅིག་དང་། སྤྱི་ཚོགས་གཅིག་གི་འགན་འཁུར་མཁན་གཅིག་ཡིན་པའི་ཆ་ནས་ཚིག་ཁ་ཤས་ཞུ་རྒྱུ་ཡིན་པ་དང་། ལྷག་པར་དེ་རིང་གོང་དུ་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་རེད། དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གི་གསུང་བཤད་གནང་བའི་ནང་ཆ་ཚང་བ་གཅིག་དང་ཁ་གསལ་པོ་འདྲ་པོ་ཞིག་ཆགས་སོང་། དེ་ཚོའི་གྲས་ང་རང་ཚོས་ལག་ལེན་འཁེལ་ཐུབ་པ་བྱ་རྒྱུ་དང་། དངོས་སུ་ལག་བསྟར་བྱེད་སྐབས་འདང་མི་འདང་གི་གནས་ཚུལ་ཆགས་ཀྱི་འདུག་མ་གཏོགས་སྤྱི་ཡོངས་ཀྱི་བཀའ་མོལ་ཞུ་ཡག་དེ་འདྲའི་ཐོག་ནས་ཡག་པོ་བྱུང་སོང་ཞེས་ཞུ་རྒྱུ་ཡིན། འདས་པའི་ལོ་ཁ་ཤས་ནང་བུད་མེད་ལྷན་ཚོགས་ཀྱི་ཐོག་ནས་ཚོགས་ཆེན་རེད། དུས་དྲན་སྲུང་བརྩི་ཞུ་རྒྱུ་སོགས་ཀྱི་ཐོག་ཚོགས་གཙོ་སྐུ་མགྲོན་དུ་བཅར་རོགས་ཞེས་མང་པོ་སྐད་བཏང་གནང་སོང་ཡང་བཅར་ཐུབ་མ་སོང་། དེ་རིང་སྒེར་གྱི་ལས་དོན་གལ་ཆེན་པོ་ཁག་ཅིག་ཡོད་ཀྱང་། དུས་ཚོད་ཆེད་མངགས་བཟོས་ཏེ་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་བཀའ་འཁྲོལ་གནང་བ་གཞིར་བཟུང་བཅར་བ་ཡིན། གཙོ་བོ་ང་ཚོའི་གནས་སྟངས་དེ་གཞན་དང་མི་འདྲ་བ་ཆགས་ཡོད་རེད། རྣམ་པ་ཚོས་མཁྱེན་གསལ་རེད། ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༠ ལ་ཉེ་བ་ཆགས་ཀྱི་ཡོད། དུས་ཚོད་དེའི་རིང་ལ་ང་ཚོས་དུས་རྟག་ཏུ་སེམས་གཏིང་ནས་དྲན་དགོས་པ་ཞིག་སྟེ། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། མཛད་པ་འཕྲིན་ལས། ལྷག་པར་བོད་མི་རིགས་ལ་གཟིགས་པ་བླ་མེད་ཀྱི་ཐོག་ནས་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་དགོས་པ་ཞིག་དང་། དེ་བཞིན་རྒྱ་གར་དབུས་དང་ས་གནས་གཞུང་གི་འབྲེལ་ཡོད་ཀྱི་ཐོག་ནས་མཐུན་འགྱུར་རོགས་རམ་དང་། གོ་སྐབས་གནང་བ་དེ་ཚོའི་གྲས་རླབས་ཆེན་པོ་ཡིན་དུས་ང་ཚོས་དྲན་གསོ་ཞུ་ཐུབ་པ་ཞིག་དགོས།
བུད་མེད་ལྷན་ཚོགས་ལྟ་བུར་མཚོན་ན། གོང་དུ་བསྒྲགས་གཏམ་ནང་གསུངས་པ་གཞིར་བཟུང་། འདས་པའི་ལོ་ངོ་ ༣༤ ནང་སྤྱིར་ཆབ་སྲིད་ཀྱི་གནས་སྟངས་དང་། སྤྱི་ཚོགས་བདེ་དོན་གྱི་གནས་སྟངས། དེ་བཞིན་བུད་མེད་དང་འབྲེལ་བ་ཡོད་པ་དེ་ཚོའི་ཐོག་གདོང་ལེན་གནང་དགོས་པ་ཁག་རེད། བུད་མེད་ཀྱི་ཐོག་ནས་ཤེས་ཡོན་དང་། འཕྲོད་བསྟེན་རེད། གང་ཅིའི་ཐོག་ལ་སྟོང་ཆ་མ་ལྷག་པ་ཁ་སྐོང་བྱེད་ཐུབ་རྒྱུའི་འབད་བརྩོན་རབ་དང་རིམ་པ་ཞུས་འདུག དེ་ཚོའི་གྲས་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཐོག་འོས་བླུགས་ནས་བུད་མེད་ཀྱི་འགོ་འཁྲིད་སླེབས་ཐུབ་དང་མི་ཐུབ་ཀྱི་གནས་སྟངས་དེ་ཙམ་གྱི་ཐོག་ནས་བུད་མེད་ཀྱི་ནུས་པ་དང་། བུད་མེད་ཀྱི་ཐོབ་ཐང་མེད་པ་གཅིག་ལ་ངོས་འཛིན་བྱེད་ ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད། ཡིན་ནའང་བུད་མེད་ཟེར་བ་དེ་གཞི་རིམ་ཁྱིམ་ཚང་ཞིག་གི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་། མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད། ང་ཚོ་ཚང་མ་ཨ་མའི་བཀའ་དྲིན་ལ་བརྟེན་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད། ཨ་མ་དང་ང་ཚོའི་དབར་འབྲེལ་བ་ཐུན་མོང་མ་ཡིན་པའི་བྱམས་པ་དང་བརྩེ་བ། སྙིང་རྗེ་བློས་བཟོད་དུ་མེད་པའི་འབྲེལ་བ་ཞིག་བྱུང་ཡོད་པ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་འགྲོ་བ་མིའི་རིགས་ཡིན་ཕྱིན་ཆད་ཕ་མ་གཉིས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་དགོས་པ་ཡིན་དུས། དེའི་ནང་ནས་བུད་མེད་ཨ་མ་ཡིན་པའི་ཐོག་ནས་བཀའ་དྲིན་ཚོར་བསྡད་ཀྱི་ཡོད་པ་དང་། དངོས་གནས་ང་ཚོ་ཚང་མས་མཁྱེན་གྱི་ཡོད་རེད། མཚམས་རེ་ཨ་མའི་བྱམས་བརྩེ་ཟེར་བ་དེ་དྲན་ཡོང་དུས་རང་བཞིན་གྱིས་མིག་ཆུ་ཤོར་རྒྱུའི་གནས་སྟངས་དེ་འདྲ་ཆགས་ཀྱི་ཡོད། དེ་ཡིན་དུས་སྤྱི་ཚོགས་རེད། ཁྱིམ་ཚང་རེད། བུད་མེད་ལ་འགན་ཆེ་བ་ཡོད་པ་གསལ་པོ་ཞེ་དྲག་རེད།
སྤྱིར་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་འགན་འཁུར་ཞུ་དགོས་པ་གལ་ཆེན་པོ་གཅིག་རེད། ལྷག་པར་སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ་བོད་མི་རིགས་དང་འབྲེལ་བའི་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་ལ་ཤུགས་སྣོན་གནང་ཐུབ་པའི་ནུས་པ་ཞིག་ཨ་མ་གཅིག་པུར་ཡོད་པ་མཐོང་གི་འདུག ཁ་སྔོན་ངས་ལྔ་དང་ལྔ་བཅུའི་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐབས་ལ་ཞུས་ཡིན། ང་ཚོ་དཔེ་ཆ་ལྟ་མཁན་ཚོས་གོ་བ་དཔེ་ཐོགས་ལྷག་ཟེར་བ་ཞིག་བཤད་སྲོལ་ཡོད་རེད། དཔེ་ཆ་ལྟ་གི་ཡོད་རེད། དཔེ་ཆ་ལྟ་བ་དེ་སོ་སོའི་རྒྱུད་ལ་འཇགས་ནས་ཉམས་ལེན་བྱས་ནས་ཉོན་མོངས་དུག་གསུམ་ཞི་བར་བྱ་རྒྱའི་ཐབས་ཤེས་གཏོང་དགོས་ཀྱང་། དེ་མ་བྱས་ནས་དཔེ་ཆ་ལྟ་ནས་གོ་བ་དེ་དཔེ་ཆའི་ནང་ལ་ལྷག སོ་སོའི་རྒྱུད་དང་། དཔེ་ཆ་གཉིས་ཁ་བྲལ་སོང་བ་ཡིན་ན་དཔེ་ཆ་བལྟས་ནས་ཕན་ཐོགས་ཀྱི་ཡོད་མ་རེད། དེ་བཞིན་ང་ཚོའི་སྤྱི་ཚོགས་ཀྱི་འགན་འཁུར་མཁན་ཚོས་བཀའ་མོལ་ཞུ་གི་ཡོད་པ་དང་། གྲོས་ཆོད་གཏན་འབེབས་གནང་གི་ཡོད་རེད། དངོས་སུ་མི་མང་སོ་སོའི་ངོས་ནས་འགན་ལེན་ནས་ལག་ལེན་བསྟར་ཐུབ་པ་ཡིན་ན་དེའི་ཐོག་ནས་འགྱུར་བ་འགྲོ་གི་རེད། ཁྱིམ་ཚང་དང་། སྤྱི་ཚོགས། རྒྱ་ཆེ་ས་མི་རིགས་ཀྱི་འཐབ་རྩོད་ལའང་འགྱུར་བ་འགྲོ་གི་རེད། དེ་མ་བྱས་ནས་ཐག་རིང་པོར་བསྡད་ནས་ཡ་མེད་ཀྱི་གནས་སྟངས་འདྲ་པོ་ལྷག་པ་ཡིན་ན་དེ་དག་མེད་པ་ཆགས་རྒྱུ་མ་གཏོགས་འགྱུར་བ་འགྲོ་ཐུབ་ཐབས་མེད། དེ་འདྲ་སོང་ཙང་སོ་སོའི་སྐད་ཡིག་ཐོག་ནུས་པ་འདོན་ཐུབ་པ་ཡིན་ན་ཏན་ཏན་གྱིས་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག
གཞན་ངས་དུས་རྒྱུན་དེ་འདྲ་ཞིག་ཞུ་གི་ཡོད། མི་རིགས་གཅིག་གི་འཐབ་རྩོད་ཀྱི་འབྱུང་ཁུངས་གང་རེད་ཅེ་ན་། མི་རིགས་དེའི་ཆོས་དང་སྐད་ཡིག རིག་གཞུང་ཆགས་ཀྱི་ཡོད་རེད། འཐབ་རྩོད་ཀྱི་འབྱུང་ཁུངས་དེ་བརླག་པ་ཡིན་ན་མི་རིགས་དེ་བརླག་པ་དང་གཅིག་པ་ཆགས་ཀྱི་ཡོད། རྣམ་པ་ཚོས་གཟིགས་དང་། ང་ཚོ་ཕྱི་རྒྱལ་ཁག་ལ་འགྲོ་ཡོང་དུས་ཨ་ཕ་ཨི་ཊ་ལི་དང་། ཨ་མ་ཕ་རན་སི་ཡིན་ཟེར་བ་དེ་འདྲའི་ཐོག་ནས་སོ་སོའི་འཚོ་བ་ཙམ་བསྐྱལ་ནས་གནས་བསྡད་པ་མ་གཏོགས་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་སེམས་ཤུགས་དེ་ཚོ་སླེབས་ཐུབ་ཀྱི་མེད་པ་ལྟ་བུ་མཐོང་རྒྱུ་ཡོད་རེད། གན་དྷི་ཇི་ལྟ་བུར་མཚོན་ན། ཐོག་མར་ཨིན་ཇི་དང་། ཨ་ཕི་རི་ཁར་སློབ་སྦྱོང་གནང་བའི་སྐབས་སུ་ཕྱི་ལུགས་ཀྱི་གྱོན་གོས་ (Tie) དང་ (Suit) ལ་སོགས་གྱོན་པའི་སྐུ་པར་མཇལ་རྒྱུ་ཡོད་ཀྱང་། ཕྱིས་སུ་རྒྱ་གར་གྱི་རང་བཙན་འཐབ་རྩོད་ནང་ཞུགས་པ་ནས་མཐའ་མ་དགོངས་པ་མ་རྫོགས་བར་རྒྱ་གར་རང་གི་གྱོན་གོས་(Dhoti) རྐྱང་རྐྱང་གྱོན་ནས་བསྡད་ཡོད་པ་མཇལ་རྒྱུ་འདུག དེའི་རྒྱུ་མཚན་གང་རེད་ཅེ་ན། སྐབས་དེ་དུས་རྒྱ་གར་གྱི་མི་རིགས་མང་ཆེ་བ་གཅིག་སོ་སོའི་རིག་གཞུང་ལ་གུས་བརྩི་བྱས་ནས་དེ་རང་བེད་སྤྱོད་བཏང་གི་ཡོད་པ་དང་། འགོ་འཁྲིད་ཀྱིས་རང་གི་མི་མང་སྣེ་འཁྲིད་ཐུབ་པར་མི་མང་གི་ཀུན་སློང་དང་། མི་མང་དེ་དང་འབྲེལ་བའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་དགོས་པ་དང་། མི་མང་གི་བསམ་བློ་མཚོན་ཐུབ་དགོས་པ་གལ་ཆེན་པོ་ཡིན་པའི་ཆ་ནས་འཐབ་རྩོད་ནང་དངོས་སུ་ཞུགས་པ་ནས་མཐའ་མ་དགོངས་པ་མ་རྫོགས་པར་ (Dhoti) གྱོན་ནས་བསྡད་པ་ང་ཚོས་དེབ་དང་འགྲེམས་སྟོན་ཁང་སོགས་ནང་མཇལ་རྒྱུ་ཡོད་རེད།
དེང་སང་དུས་རབས་ཉེར་གཅིག་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་བོད་མི་གཞོན་སྐྱེས་རྣམ་པ་འདབ་གཤོག་གཉིས་ལྡན་གྱི་སློབ་སྦྱོང་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་ཀྱི་ཡོད་རེད། འདབ་གཤོག་གཉིས་ལྡན་ཟེར་ན་ཕྱོགས་གཅིག་ནས་སོ་སོའི་སྲོལ་རྒྱུན་གྱི་ཤེས་ཡོན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དེང་དུས་ཀྱི་ཤེས་ཡོན་ཚན་རིག་དང་། སྤྱི་ཚོགས་རིང་ལུགས། སྲིད་དོན་རིག་པ། རིག་པའི་གནས་མི་འདྲ་བ་མང་པོ་གསར་དུ་དར་བ་རྣམས་ལ་དོ་སྣང་གནང་སྟེ་སློབ་སྦྱོང་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོག་སྟོང་ཆ་ལྷག་པ་ཡིན་ན། མི་རིགས་འདི་ཉིད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་དང་། རིག་གཞུང་ལ་བློ་ཉེ་པོ་བྱས་ནས་གཅེས་འཛིན་བྱེད་རྒྱུ་དེ་ཡོང་མི་ཐུབ་པ། དེ་བཞིན་དེང་སང་གི་ཤེས་ཡོན་ཐོག་སྟོང་ཆ་ལྷག་པ་ཡིན་ན། རྒྱ་ཆེ་ས་ནས་སོ་སོའི་མི་རིགས་ཀྱི་འཐབ་རྩོད་རེད། མཐའ་ན་སོ་སོའི་མི་ཚེའི་མདུན་ལམ་ལའང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་རེད།
དེ་ཚོའི་གྲས་ང་ཚོས་གཞི་རྩའི་སྤྱི་ཚོགས་ནང་ལ་བསམ་བློ་ཤུགས་ཆེ་ཙམ་སླེབས་ཐུབ་དགོས་པ་དང་། ལྟོ་གོས་འགྲིག་ཙམ་གྱིས་ཧ་ལས་རྒྱུ་ཡོད་མ་རེད། ལྟོ་གོས་དེ་ཚོ་ཐ་ན་སེམས་ཅན་དུད་འགྲོ་ཡིན་ནའང་སོ་སོར་བརྟེན་ནས་གནས་ཐུབ་ཀྱི་ཡོད་རེད། དེ་ང་ཚོས་བྱེད་ཐུབ་ཀྱི་ཡོད་ཅེས་མིའི་ཁྱད་ཆོས་གང་ཡང་ཆགས་ཀྱི་ཡོད་མ་རེད། དེ་བཞིན་བོད་མིའི་ཁྱད་ཆོས་དེ་བས་ཆགས་ཀྱི་ཡོད་མ་རེད། སྐབས་རེ་ཕྱུག་པོ་དང་། ཡང་སྐབས་རེ་དབུལ་པོ་ཡང་ཆགས་སྲིད་ཀྱི་རེད། དེ་ཚོ་ཆོས་ཉིད་རེད། མིའི་རྣམ་དཔྱོད་ཟེར་བ་དེ་སེམས་ཅན་གཞན་དང་མ་འདྲ་བ་ཞིག་སྟེ་བླང་དོར་ཤེས་མཁན་གྱི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་པ་དེར་ཟེར་གྱི་ཡོད་རེད། དེ་བེད་སྤྱོད་གཏོང་ཐུབ་རྒྱུར་སོ་སོ་སྒེར་ངོས་ནས་རྒྱུ་ཆ་བཟོ་དགོས་ཀྱི་ཡོད་པ་དང་། སྤྱི་ཚོགས་ནང་དེའི་ཁོར་ཡུག་བཟོ་དགོས་ཀྱི་ཡོད་པ། དེ་འདྲའི་ཐོག་ནས་འགྱུར་བ་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་དེང་དུས་དང་སྲོལ་རྒྱུན་གཉིས་ཀའི་ཤེས་ཡོན་གལ་ཆེན་པོར་བརྩིས་ནས་དེའི་ཐོག་ལ་འབྲེལ་ཡོད་བུད་མེད་ལྷན་ཚོགས་ཡིན་ནའང་འདྲ། བོད་པའི་སྤྱི་ཚོགས་ཡིན་ནའང་འདྲ། གང་ལྟར་ལམ་སྟོན་ཞུ་ཡག་དང་བསྐུལ་མ་གནང་ཡག སྣེ་འཁྲིད་གནང་ཐུབ་པ་ཡིན་ན་ཏན་ཏན་གྱིས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་རེད་བསམ་གྱི་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༨༤ ལ་ཕེབས་ཀྱི་ཡོད་རེད། ཁོང་གིས་བཀའ་སློབ་གནང་བ་རྣམས་ང་ཚོས་དུས་རྒྱུན་དུ་སེམས་ལ་བཅང་དགོས་པ་གལ་ཆེན་པོ་གཅིག་རེད། དེ་བཞིན་མུ་མཐུད་ནས་མི་རིགས་གནས་དགོས་ཀྱི་རེད། མཚམས་རེར་སྒེར་ངོས་ནས་སོ་སོའི་མི་རིགས་ལ་ཕན་པའི་ཐབས་ཤེས་གང་འདྲ་ཞིག་དགོས་ཡོད་ན་བསམ་པའི་བསམ་བློ་དེ་འདྲ་འཁོར་ཡོང་གི་འདུག་ཡིན་ནའང་ང་ཚོ་བོད་པའི་གཏམ་དཔེར་ཡོད་པ་བཞིན་ཕུ་ཐུང་རིང་འདྲ། ལག་པ་ཐུང་འདྲ་བའི་གནས་སྟངས་ཐོག་ནས་སྐབས་རེ་སྙོབ་ཐུབ་མི་ཐུབ་དེ་འདྲ་ཡོང་གི་ཡོད་པ་དང་། དེ་ཚོའི་གྲས་ཁ་གསབ་བྱེད་ཐུབ་རྒྱུ་ཁག་པོ་འདུག གཞི་རྩའི་བོད་མི་རིགས་སྤྱི་ཡོངས་ནས་དེ་འདྲའི་འཁུར་ལེན་ཐུབ་པ་ཡིན་ན། ཏན་ཏན་བརྒྱ་ཆ་བརྒྱ་ཐམ་པ་དམིགས་ཡུལ་ཟིན་པ་གཞིར་བཟུང་ཡོང་ཐུབ་རྒྱུའི་གནས་སྟངས་གཅིག་རེད་ཅེས་ཞུ་རྒྱུ་ཡིན།
ང་ཚོའི་ལོ་རྒྱུས་ནང་བལྟས་ཡོང་དུས་བོད་མི་ས་ཡ་དྲུག་བརྩིས་ཀྱི་ཡོད་རེད། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་བརྩིས་ཀྱི་ཡོད་པ་དང་། དེ་ཚོ་ཁ་འཐོར་ནས་རྒྱལ་ཁབ་མང་པོའི་ནང་གནས་ནས་བསྡད་ཡོད་པ་དང་། སོ་སོའི་མི་ཚེའི་མདུན་ལམ་དང་། བསམ་བློའི་རང་དབང་ཆེན་པོ་ཡོད། དེ་ལས་གཞན་པའི་སེམས་འཁུར་བྱེད་སའམ་བསམ་བློ་གཏོང་ས་ཞིག་ནི་བོད་ནང་གི་བོད་མི་ཚོ་རེད། དེ་ཚོའི་གྲས་ལ་བསམ་བློ་གཏོང་ཡོང་དུས། ང་ཚོས་བཟོད་པར་དཀའ་བ་ཞིག་རེད། ད་ལྟ་བུད་མེད་ཚོགས་པའི་བསྒྲགས་གཏམ་ནང་གསལ་བ་བཞིན་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ལྟ་བུ་མཚོན་པ་ཡིན་ན་ཁོང་སྐུ་དར་མ་ཆགས་ཟིན་ཡང་ད་ལྟ་གང་དུ་ཡོད་པ་ཧ་གོ་ཡི་ཡོད་མ་རེད། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༥༢ ཆགས་ཀྱི་ཡོད་རེད། དེ་ཚོའི་བློས་གཏོང་རྣམས་ང་ཚོས་དྲན་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་རྗེས། མཐར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་སོང་།