དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྡ་སའི་ཉེ་འགྲམ་དུ་ཡོད་པའི་ཨིམ་པི་རི་ཡལ་ (Imperial Heights Resort) ཞེས་པའི་གསོལ་མགྲོན་ཁང་དུ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ། ཞེས་པའི་ལྷན་ཚོགས་ཐེངས་དང་པོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན།

དེ་རིང་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་གནང་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཐོག་ཆིབས་བསྒྱུར་གནང་མཁན་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་ང་རང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ལྟ་གོང་དུ་གསུངས་གནང་སོང་། རྩ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུའི་ནང་དོན་དེ་གཙོ་བོ་འཛིན་སྐྱོང་བཀའ་ཤག་ནས་གཏན་འབེབས་དང་བསྡུ་བསྐོངས་བྱས་པའི་ལས་འཆར་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་དེའི་ཐོག་ལ་ང་ལྟ་བུར་མཚོན་ན། དམིགས་བསལ་གྱི་ཐུགས་ཕན་གསོ་རྒྱུའི་སྐད་ཆ་ག་ཚོད་ཞུ་ཐུབ་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག  རྩ་བའི་གོང་དུ་གསུངས་པ་གཞིར་བཟུང་དེ་རིང་ནས་འགོ་བཙུགས་ཏེ་ཉིན་བཞིའི་རིང་ལ་ཚོགས་འདུ་འཚོགས་རྒྱུ་དང་། ཚོགས་འདུའི་ནང་བརྗོད་གཞི་ཁག་བཞི་ཙམ་ཡོད་པ་གསུངས་གནང་སོང་། ཕྱི་དྲིལ་ལས་ཁུངས་ཀྱི་ང་ཚོར་མགྲོན་ཤོག་གནང་བའི་ནང་ལ། ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ་བྱུས་འགོད། ཅེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་འཚོགས་རྒྱུ་ཡིན་ཞེས་ཡིག་ཆུང་གནང་འདུག དེ་ཡིན་དུས་དེ་འདྲའི་ཐོག་ནས་འབྱུང་འགྱུར་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་ཕྱོགས་དང་། དེ་དང་འབྲེལ་བའི་ཐབས་བྱུས་ཇི་འདྲ་ཞིག་དགོས་ཀྱི་ཡོད་པ་དེ་ཚོའི་ཐོག་བསམ་བློ་བཏང་ནས་རྣམ་དཔྱོད་འདོན་དགོས་པ་གཙོ་བོ་ཆགས་བསྡད་ཡོད་རེད་བསམ་གྱི་འདུག བྱས་ཙང་དེ་འདྲའི་ཐོག་ནས་དགོངས་པ་བཞེས་དགོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་རེད།

དེ་རིང་སྐད་ཆ་བཤད་རྒྱུའི་དུས་ཚོད་སྐར་མ་བཅོ་ལྔ་མ་གཏོགས་མེད་ཙང་། ངས་འདི་ནས་གཙོ་བོ་སྤྱི་ཡོངས་དང་འབྲེལ་བའི་ཐོག་ནས་ཉུང་ཉུང་ཞིག་ཞུས་ན་བསམ་བྱུང་། ང་རང་ཚོ་བོད་ཟེར་བ་དེ་འཛམ་བུ་གླིང་གི་མཐོ་སྒང་དུ་ཆགས་པའི་སྣོད་དང་བཅུད། བོད་མི་རིགས་ཟེར་བ། ལོ་རྒྱུས་ཀྱི་ཉམས་ཞིབ་ཚོས་བཤད་པར་གཞིགས་ན། བོད་ནང་འགྲོ་བ་མིའི་རིགས་བྱུང་ནས་ལོ་ཁྲི་ལྔ་དེ་འདྲ་འགྲོ་བ་བཤད་ཡོང་གི་འདུག དེ་ཡིན་དུས་ལོ་ཁྲི་ལྔ་ཙམ་གྱི་ལོ་རྒྱུས་ཡོད་པའི་མི་རིགས་ཀྱི་གནས་སྟངས་ཤིག་ཆགས་ཡོད། ཕྱི་ལོ་མ་བྱུང་སྔོན་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་ནས་འུ་དུམ་བཙན་པོའི་བར་དུ་ལོ་གཅིག་སྟོང་ཡས་མས་ཤིག་གི་རིང་བོད་ལ་རྒྱལ་པོའི་རིང་ལུགས་བྱུང་བ་དང་། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་གི་དུས་ཚོད་སྐབས་ལ་རྒྱ་ཧོར་བོད་གསུམ་ཟེར་ནས་གླིང་ཆེན་ཨི་ཤེ་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་གྲས་སུ་ཡོད་པ་དང་། རིག་གནས་དང་། ཆབ་སྲིད། དཔལ་འབྱོར། དམག་ཤུགས་གང་གི་ཐད་ནས་འབུར་དུ་ཐོན་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། འོན་ཀྱང་དུས་རབས་ཉི་ཤུའི་སྐབས་བོད་ནང་ལོགས་ལ་དུས་འགྱུར་ཤུགས་ཆེན་པོ་ཞིག་བྱུང་བ་དང་། དེའི་སྐབས་རྒྱ་ནག་གུང་ཁྲན་ཏང་དབུ་བཙུགས་པ་དང་། བོད་ས་བཙན་འཛུལ་བྱས་རྗེས། ད་བར་བཙན་བྱོལ་ནང་བསྡད་དགོས་པའི་གནས་སྟངས་དེ་འདྲ་ཆགས་བསྡད་ཡོད་རེད།  དུས་ཚོད་དེའི་རིང་གི་ལོ་རྒྱུས་ལ་བལྟས་པ་ཡིན་ན། བོད་མི་ས་ཡ་དྲུག་ཅེས་གྲངས་ཀ་བརྩིས་ཀྱི་ཡོད་པ་དང་། འོན་ཏེ་བོད་མི་མང་ཆེ་བ་བོད་ནང་ལྷག་བསྡད་ཡོད། བོད་ནང་རྒྱ་ནག་གཞུང་གི་ཐོག་ནས་བོད་ཀྱི་ཐུན་མོང་མིན་པའི་སྐད་ཡིག་དང་། ཆོས། རིག་གཞུང་། གོམས་གཤིས་དེ་ཚོ་ཚང་མ་རྩ་གཏོར་དང་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་དེང་གི་དུས་ཚོད་ནང་མེ་འཁོར་ལྕགས་ལམ་དང་། གནམ་ལམ་བཟོ་རྒྱུ། དེ་འདྲའི་ཐོག་ནས་མི་འབོར་སྤོ་ཤུགས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ཡོད། དེ་ཡིན་དུས་བོད་ཀྱི་རང་ས་ལ་བོད་པ་གྲངས་ཉུང་མི་རིགས་ཆགས་པའི་གནས་སྟངས་ཤིག་སླེབས་ཡོད། གལ་སྲིད་དེ་འདྲ་མུ་མཐུད་འགྲོ་བ་ཡིན་ན། བོད་མི་རིགས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཆགས་བསྡད་ཡོད་རེད། རྒྱ་ནག་གི་སྲིད་བྱུས་དེ་འདྲ་རིམ་པ་མང་པོ་ཞིག་གཏིང་གི་ཡོད་རེད། དེའི་ཐོག་ལ་བོད་ནང་གི་བོད་མི་ཚོས་གདོང་ལེན་གནང་སྟེ། ཕྱི་ལོ་ང་དགུ་དང་། བརྒྱད་ཅུ་གྱ་གྲངས། དེ་བཞིན་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་རང་ལུས་མེར་བསྲེགས་གནང་མཁན་མཚམས་མ་ཆད་པར་རྒྱ་ནག་གཞུང་གི་སྲིད་བྱུས་ལ་འདོད་པ་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ནས་གང་ལྟར་བོད་ཟེར་བ་དང་། བོད་མི་རིགས་ཀྱི་འཐབ་རྩོད་གསོན་པོར་གནས་ཐུབ་པའི་ཐབས་ཤེས་དང་། སོ་སོའི་ལུས་ལོངས་སྤྱོད་སོགས་མང་པོ་ཞིག་བློས་བཏང་གནང་བཞིན་ཡོད་རེད། དེ་ཚོ་ཚང་མ་ང་ཚོས་སོ་སོའི་བློ་ངོར་འཆར་བའི་ཐོག་ནས་དེའི་ཐོག་ལ་རྣམ་དཔྱོད་གང་འདྲ་ཞིག་འདོན་རྒྱུ་འདུག ཁོང་རྣམ་པའི་བློས་བཏང་གནང་བ་དེ་ཚོ་ལམ་ལྷོངས་ཡོང་ཐབས་སུ་ཐབས་ཤེས་གང་འདྲ་འདུག ང་ཚོས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་མིན་ན་བསམ་གྱི་འདུག་དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༠ ཉེ་བ་ཆགས་ཀྱི་ཡོད་རེད། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་མཛད་པ་འཕྲིན་ལས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་མཁན་མི་རབས་རྒན་པ་རྣམ་པ། མི་མང་དཀྱུས་མའི་ནང་འགན་འཁུར་མཁན་མི་རབས་རྒན་པ་རྣམས་ཀྱིས་ཧ་ལས་པའི་སྐུ་ལས་བསྐྱོན་གནང་ཡོད་རེད། དེའི་འབྲས་བུར་ད་ཆ་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཆ་ལག་ཡོངས་སུ་ཚང་བའི་དེང་སང་གི་མང་གཙོའི་སྒྲོམ་གཞི་ཚད་ལྡན་ཞིག་ཆགས་ཡོད། དེ་བཞིན་གནས་ཡུལ་རྒྱ་གར་གཞུང་དང་། ང་ཚོར་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་མང་པོས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་བྱུང་ཡོད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བལྟས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་། གུས་བརྩི་ཞུ་མཁན་མང་པོ་ཡོད་རེད། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགོངས་གཞི་གཞིར་བཟུང་རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་ཞེས་གསུངས་པ་ལྟར། ང་ཚོས་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འགྲོ་བཞིན་པའི་སྒྲིག་འཛུགས་འདི་མུ་མཐུད་གནས་ཐུབ་དགོས་པ་བྱེད་རྒྱུ་གལ་ཆེན་པོ་རེད།

ཟླ་བ་ཁ་ཤས་སྔོན་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གཟིམ་ཆུང་མཇལ་ཁ་གནང་ཡོད་པ་དང་། དེར་ང་ཚོ་ཡང་ལྷན་བཅར་ཞུས་ཡོད་རེད། སྐབས་དེར་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་ག་རེ་ཕེབས་སོང་ཟེར་ན། རྒྱ་ནག་ནང་གུང་ཁྲན་ཏང་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བསྡད་ཀྱི་འདུག དེའི་ཚད་ལས་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་ལ་འགྲོ་བཞིན་ཡོད་པ་དེ་རྒྱུན་རིང་བ་གནས་ཀྱི་རེད་ཅེས་བཀའ་ཕེབས་སོང་། དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་རང་ཚོས་མང་གཙོའི་སྒྲིག་འཛུགས་དེ་ཚགས་ཚུད་པོ་དང་ཚད་ལྡན་ཞིག་འགྲོ་གི་ཡོད་པ་གསལ་པོ་རེད། ཡིན་ནའང་མི་རབས་གཞོན་པ་ཚོས་ཆ་ཤས་ལེན་ཐུབ་དགོས་པ་དང་། ང་ཚོའི་འགོ་འཁྲིད་དེ་ཚོ་ལོ་ལྔ་དང་བཅུའི་ནང་འགྱུར་བ་འགྲོ་བསྡད་ཀྱི་ཡོད་རེད། དེ་ནས་རིམ་པས་མི་རབས་གསར་པ་ཕེབས་ཡོང་གི་རེད། དེ་ལ་སོ་སོའི་རྣམ་དཔྱོད་བཏོན་ནས་ག་རེ་གནང་རྒྱུ་འདུག དེ་འདྲའི་ཐོག་ནས་དགོངས་པ་བཞེས་རྒྱུ་མེད་ན་བསམ་གྱི་འདུག རྩ་བའི་ལོ་རྒྱུས་ལྟར་ན། བདག་ཉིད་ཆེན་པོ་གན་དྷི་དང་། ནེལ་སོན་མན་ཌེ་ལ། མར་ཊིན་ལུ་ཐར་ཀིང་ལྟ་བུ་ཁོང་རྣམས་མི་གཅིག་གིས་ནུས་པར་བརྟེན་ནས་སོ་སོའི་འཐབ་རྩོད་དེ་ལམ་ལྷོངས་ལྡན་པ་བྱུང་ཡོད་རེད། དེ་འདྲ་བ་མ་འོངས་པའི་ནང་ཡོང་གི་རེད་མ་རེད། ངས་བསམ་བློ་བཏང་བ་ཡིན་ན། ད་ལྟ་ང་ཚོའི་སྒྲིག་འཛུགས་དེ་ཚགས་ཚུད་དང་ནུས་པ་ལྡན་པ་ཞིག་ཡོང་བ་ཡིན་ན། དེའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཐབས་ཀྱི་ཐབས་ཤེས་ཡག་ཤོས་འདྲ་པོ་ཞིག་འདི་མིན་ནམ་བསམ་གྱི་འདུག འདིའི་ནང་ཆ་ཤས་བཞེས་ཐུབ་མཁན་དང་། རྣམ་དཔྱོད་འདོན་ཐུབ་མཁན་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་འདྲའི་ཐོག་དགོངས་པ་བཞེས་རྒྱུ་མེད་དམ་བསམ་པ་དེ་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གནད་དོན་གལ་ཆེ་བ་གཞན་ཞིག་ལ་ང་ཚོ་ཨིན་ཇིའི་སྐད་ནང་ (Identity) ཟེར་བ་དང་། བོད་ཟེར་བ་དེ་ངོས་འཛིན་གནང་རྒྱུའི་གཞི་རྩ། བོད་མི་རིགས་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་ཆགས་ཀྱི་ཡོད། དེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གནང་རྒྱུ་གལ་ཆེན་པོ་རེད་འདུག དེ་འདྲ་ཡིན་དུས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་གོམས་གཤིས་སོགས་བརླག་ཚར་བ་ཡིན་ན། བོད་ཟེར་བ་དེ་རང་བཞིན་གྱི་བརླག་ཚར་བ་དང་གཅིག་པ་གཅིག་རྐྱང་རེད། གང་ཡིན་ཟེར་ན། སོ་སོའི་མི་རིགས་ཀྱི་འཐབ་རྩོད་རྩོད་རྒྱུར་བློ་སྟོབས་ཤིག་དགོས་ཀྱི་ཡོད་པ་དེའི་འབྱུང་ཁུངས་བརླག་ཚར་བ་རེད། འབྱུང་ཁུངས་དེ་བརླག་ཚར་བ་ཡིན་ན་གང་ཡང་ཡོང་རྒྱུ་མེད་པ་རེད། སོ་སོའི་བོད་མི་རིགས་ཀྱི་ཁྱད་ཆོས་ཐུན་མོང་མིན་པའི་ཆོས་དང་། སྐད་ཡིག རིག་གཞུང་། གོམས་གཤིས་བདག་པོ་རྒྱག་དགོས་པ། དེ་འདྲ་བྱུང་བ་ཡིན་ན། བོད་ཀྱི་འཐབ་རྩོད་གསོན་པོར་གནས་ཐུབ་པ་དང་། དེའི་ཐོག་ནས་རང་བཞིན་གྱིས་རྒྱ་ནག་གཞུང་གིས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ཏན་ཏན་ཆགས་ཀྱི་རེད་བསམ་གྱི་འདུག དེ་མིན་པའི་ཐོག་ནས་ང་རང་ཚོ་གཞི་འཛིན་ས་གང་ཡང་མེད་པ་ཞིག་ཆགས་ན། དེའི་ཐོག་ནས་སྐད་ཆ་བཤད་རྒྱུ་དང་། ཕན་ཚུན་གོ་བསྡུར་བྱེད་ཐུབ་རྒྱུའི་སྡིངས་ཆ་འདྲ་པོ་རག་གི་མ་རེད། དེ་འདྲ་ཡིན་དུས་སོ་སོའི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་དེ་ཚོ་བདག་པོ་བརྒྱབ་ནས་ང་ཚོའི་ནུས་པ་འབུར་དུ་འདོན་ཐུབ་དགོས་པ་དང་། འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་མདུན་ལམ་ཡིན་ནའང་དེའི་ཐོག་ནས་ཡོང་རྒྱུ་གཅིག་དང་། རྣམ་པ་ཚོ་གཞོན་སྐྱེས་ཡིན་དུས། སྔོན་མ་ནང་བཞིན་འདྲ་ཡི་མ་རེད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་ཐོག་མར་སླེབས་ཡོང་དུས།  དང་པོ་སྐད་ཡིག་ཤེས་ཀྱི་མེད་པ་དང་། གཉིས་པ་ལུང་པ་གཞན་གྱི་འགྲོ་སྟངས་ཤེས་ཀྱི་ཡོད་མ་རེད། མི་མང་པོ་ཞིག་ལ་དཀའ་ངལ་མང་དག་ཅིག་འཕྲད་ཡོད་རེད། དེང་སང་མི་མང་པོ་ཞིག་རྣམ་དཔྱོད་ཕུལ་དུ་བྱུང་བ་དང་། སྐད་ཡིག་ཡིན་ནའང་བཞི་ལྔ་ཤེས་མཁན་མང་པོ་ཡོད་དུས། རང་བཞིན་གྱི་འཛམ་གླིང་ཆུང་ཆུང་འདྲ་པོ་ཞིག་ཆགས་ཡོང་གི་ཡོད། དེའི་ཐོག་ནས་ཆ་ཤས་ལེན་རྒྱུ་དང་། ནུས་པ་འདོན་དགོས་པ། སྡིངས་ཆ་འདྲ་མིན་མང་པོ་ཞིག་ལ་སླེབས་ཐུབ་དགོས་ཀྱི་རེད་བསམ་གྱི་འདུག དེ་འདྲའི་ཐོག་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་གཅིག་ཞུ་རྒྱུ་ཡིན།

ང་ཚོ་དཔེ་ཆ་བ་དེ་ཚོར་བཤད་སྲོལ་ཞིག་ཡོད་རེད། གོ་བ་དཔེ་ཐོག་ལྷག ཟེར་བ་དཔེ་ཆ་སྦྱངས་ནས་སོ་སོའི་རྒྱུད་ལ་མ་སྦྱར་ནས། དཔེ་ཆའི་ནང་ལྷག་སོང་བ་ཡིན་ན། སྦྱངས་པ་དེས་ཕན་ཐོགས་ཀྱི་ཡོད་མ་རེད། དེ་ཡིན་དུས་རྣམ་པ་ཚོ་དེ་རིང་ཚོགས་འདུ་འཚོགས་པར་ཕེབས་ཡོང་དུས། རྣམ་པ་ཚོས་ཉིན་བཞིའི་ཚོགས་འདུའི་རིང་རྣམ་དཔྱོད་གང་ཡོད་པ་འདོན་དགོས། རིགས་གཅིག་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་ནས་གནང་དགོས་པ་ཞིག་དང་།  འོན་ཀྱང་མང་ཆེ་བ་དེ་སོ་སོས་མཉམ་ཞུགས་གནང་དགོས་པ་ཆགས་ཀྱི་ཡོད་རེད། སོ་སོ་ཕར་ཁ་ཁ་བསྡད་ནས་ཟུར་ལ་བཞག་པ་ཡིན་ན། གོ་བ་དཔེ་ཐོག་ལྷག་ཟེར་བ་དེ་ཆགས་འགྲོ་གི་རེད། གང་ལྟར་སོ་སོའི་ཐོག་ནས་དེ་ལ་ཆ་ཤས་ལེན་ནས་ག་རེ་གནང་རྒྱུ་འདུག དེ་འདྲའི་དགོངས་པ་བཞེས་ཐུབ་ན་ཏན་ཏན་ཐུགས་ཕན་སོས་ཀྱི་རེད་བསམ་གྱི་འདུག དེ་ནས་ངས་ཞུ་རྒྱུ་མཚམས་བཞག་གི་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །