དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གི་ཚོགས་ཆེན་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།

 


༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣ ཉིན་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་ཉིན་གྲངས་ལྔའི་རིང་གི་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་དབུ་འཛུགས་གནང་སོང་།

སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་སྐུ་མགྲོན་དུ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་པའི་ལས་བྱེད་རྣམ་པ། ཚོགས་བཅར་བ་རྒྱ་གར་དང་འབྲུག བལ་ཡུལ་བཅས་ཧི་མ་ལ་ཡའི་ས་ཁུལ་ཁག་ནས་བཙན་པའི་གདུང་རྒྱུད་ཁྲི་ཆེན་དང་རྒྱལ་པོ་བོད་ཀྱི་ལོ་རྒྱུས་སྨྲ་བ། ཧི་མ་ལ་ཡའི་བྱུང་རབས་ཐོག་ཉམས་ཞིབ་གནང་མཁན་བཅས་ཁྱོན་མཁས་པ་གྲངས་ ༨༠ ཙམ་ཞིག་དང་། ཟུར་ཉན་བཅས་ཁྱོན་བསྡོམས་ཚོགས་བཅར་བ་ ༡༢༠ ཙམ་མཉམ་ཞུགས་གནང་འདུག

སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ཚོགས་འདུའི་ཐོག་བོད་དང་ཧི་མ་ལ་ཡའི་ཁུལ་གྱི་མཁས་དབང་དང་། ལོ་རྒྱུས་ཉམས་ཞིབ་བྱེད་མཁན་མང་པོ་ཞིག་ཚོགས་བཅར་ཐུབ་འདུག ཕལ་ཆེར་དེ་འདྲ་བའི་ཚོགས་འདུ་བསྡུ་བསྐོང་གནང་བ་ཐེངས་དང་པོ་རེད་བསམས་ཀྱི་འདུག དེ་འདྲའི་ཚོགས་འདུ་བསྐོང་ཚོགས་ཐུབ་པར། ཐོག་མར་ཀུན་སློང་དང་། བར་དུ་ཕར་ཚུར་འབྲེལ་བ་བྱ་རྒྱུ། དེ་རིང་དངོས་སུ་ཚོགས་ཐུབ་རྒྱུའི་གོ་སྐབས་དང་བསྐལ་པ་བཟང་པོ་ཞིག་བྱུང་བ་ཡིན་དུས་ཚང་མ་ལ་ཐོག་མར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་འདིར་སྐད་ཆ་ཤོད་མཁན་འདི་ལོ་རྒྱུས་ཐོག་མཁས་དབང་གང་ཡང་མ་རེད། ལས་འགན་གྱི་ཆ་ནས་ཚིག་ཁ་ཤས་ཞུས་ན་བསམས་བྱུང་། དེ་ཡིན་དུས། རྩ་བའི་བོད་ལྟ་བུར་མཚོན་པ་ཡིན་ན། ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བཙན་པོའི་རྒྱལ་རབས་དབུ་བརྙེས་ནས་ལོ་ཉིས་སྟོང་ལྷག་ཙམ་འགྲོ་ཡི་ཡོད་རེད། ལྷག་པར་དུ་དུས་རབས་བདུན་པ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་དང་། དུས་རབས་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བོད་ཀྱི་ཆབ་སྲིད་དང་། ཆོས། རིག་གཞུང་བཅས་ཧ་ཅང་གི་རྒྱ་ཁྱབ་ཆེན་པོ་བྱུང་ཡོད་ཅིང་། དེང་སང་བརྩིས་པ་ཡིན་ན་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ལས་བརྒལ་ཏེ་རྒྱ་རིགས་གནས་སའི་ས་ཆ་དང་། ཡུ་རོབ། ཨེ་ཤི་ཡ་ས་ཁུལ་མང་པོར་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ཞིབ་འཇུག་བྱས་པ་ཡིན་ན། ཤེས་ཐུབ་རྒྱུའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། ཡིན་ནའང་། ད་ལྟའི་དུས་ཚོད་ལ་བོད་ཅེས་པ་དེ་རྒྱ་དམར་གཞུང་གི་དབང་བསྒྱུར་འོག་ལ་གནས་བསྡད་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་ལ་བརྟེན་ནས་བཙན་བྱོལ་ནང་བོད་གཞུང་མུ་མཐུད་ནས་གནས་ཐུབ་ཡོད་པ་རེད། རྩ་བའི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བལྟས་ཡོང་དུས། ཆབ་སྲིད་དང་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པའི་དངོས་པོ་གང་དང་གང་ཡིན་ནའང་། ནང་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ན། འགྱུར་བ་སྐད་ཅིག་མའི་གནས་སྟངས། རྟག་པ་བརྟན་པ་སུ་གཅིག་གིས་ཤེས་མ་ཐུབ་པའི་གནས་སྟངས། རང་བཞིན་གྱི་འགྱུར་བ་འགྲོ་བསྡད་པའི་གནས་སྟངས་ཆགས་ཡོད་རེད། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཐོག་ལ་ཡིན་ནའང་། སྐབས་དེ་དུས་ཀྱི་འགན་ཁུར་མཁན་རེད། འབྲེལ་ཡོད་ཚང་མས་དོ་སྣང་ཆུང་སྐྱོན་དང་། འགན་ཁུར་བཞེས་སྟངས་ཐོག་ནས་ཚགས་ཚུད་པོ་མ་བྱུང་བའི་རྐྱེན་གྱིས་ང་ཚོ་བཙན་བྱོལ་ལ་གྱར་དགོས་བྱུང་བ་དེ་ས་རིས་ཐང་གསལ་རེད། བོད་ཅེས་པ་དེ་བཙན་པོའི་རྒྱལ་རབས་མཇུག་བསྡུས་པའི་དུས་ཚོད་ནས་བོད་ནང་སིལ་བུ་མང་པོ་ཆགས་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། འོན་ཀྱང་ང་ཚོ་བཙན་བྱོལ་ནང་སླེབས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་རིམ་པ་གནང་བར་བརྟེན་ནས། དེང་སང་དུས་ཚོད་ལ་བལྟས་པ་ཡིན་ན། བོད་ཆོལ་ཁ་གསུམ་ཞེས་བཙན་པོའི་དུས་ཚོད་ཀྱི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་རེད། ང་ཚོར་ཆབ་སྲིད་ཀྱི་བདག་དབང་འདྲ་པོ་མེད་ཀྱང་། བསམ་བློའི་འཁྱེར་སོའི་ཐོག་ནས་ནུས་པ་ཆིག་སྒྲིལ་བྱུང་ཐུབ་པ་དེ་གསལ་པོ་ཞེ་པོ་ཆགས་བསྡད་ཡོད་རེད། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཡོད་པ་རེད།

ཧི་མ་ལ་ཡ་ལྟ་བུར་མཚོན་པ་ཡིན་ན། དེང་སང་འགྲོ་སྟངས་ཀྱི་ཐོག་ནས་རྒྱལ་ཁབ་དང་ས་མཚམས་སོ་སོའི་གནས་སྟངས་ཆགས་ཡོད་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། ཆོས་དང་རིག་གཞུང་གི་འབྲེལ་བའི་ཐོག་ནས་ང་ཚོ་གཅིག་གྱུར་འདྲ་པོ་བྱུང་ཐུབ་པ། ང་ཚོ་བོད་ཀྱི་གཏམ་དཔེར་ཞུས་པ་ཡིན་ན། སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་ཟེར་བ་ཚང་མས་སེམས་ཁུར་ཞུ་དགོས་པའི་ས་བོན་འདྲ་པོ་ཞིག་སླེབས་ཡོད་པ་གསལ་པོ་ཞེ་དྲག་རེད། དེ་ཡིན་དུས། དེ་རིང་ལོ་རྒྱུས་ཀྱི་འདུ་འཛོམས་འདི་འདྲ་བ་ཞིག་གནང་བའི་ཐོག་ལ། མཁས་དབང་མང་པོས་གསུང་བཤད་གནང་གི་ཡོད་རེད། དེ་བརྒྱུད་ནས་ལོ་རྒྱུས་ཀྱི་གནས་བབ་མ་འདྲ་བའི་ཐོག་ལ་ཉམས་ཞིབ་དང་། ལོ་རྒྱུས་ཤོད་སྟངས་ཐོག་ལ་ནམ་རྒྱུན་མ་གོ་བ་དང་། མ་རྟོགས་པ་དེ་འདྲ་མང་པོ་ཏན་ཏན་ཡོད་རེད་བསམས་ཀྱི་འདུག དེ་ཚོ་མངོན་གསལ་ཆགས་ཏེ། ང་ཚོའི་དབར་སྔར་ལྷག་སེམས་ཐག་ཉེ་པོ་ཡོང་ཐུབ་པ། དེ་བཞིན་སོ་སོའི་ངོས་ནས་སེམས་ཤུགས་འཕར་མ་ཞིག་བསྐྱེད་ནས་གཅིག་ཕན་གཅིག་གྲོགས་ཡོང་ཐུབ་རྒྱུར་ཏན་ཏན་ཚོགས་འདུ་འདིའི་ཐོག་ནས་ས་བོན་ཆེན་པོ་ཞིག་ཆགས་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།

རྩ་བའི་ལོ་རྒྱུས་བཤད་ཡོང་དུས། ཆོས་ཕྱོགས་ནས་ཞུས་པ་ཡིན་ན་གསུང་རབ་ཡན་ལག་བཅུ་གཉིས་ཞེས་དང་། དེའི་ནང་ལ་རྟོགས་བརྗོད་དང་། སྐྱེས་རབས། དེ་ལྟ་བུ་བྱུང་བ་ཞེས་པའི་ཚིག་གཅིག་ཡོང་གི་འདུག དེའང་ལོ་རྒྱུས་དང་འབྲེལ་བ་ཆགས་བསྡད་ཀྱི་འདུག སྐྱེས་རབས་ཟེར་དུས་སྟོན་པའི་རྣམ་ཐར་འདྲ་པོ་དང་། རྟོགས་བརྗོད་ཟེར་དུས་དེ་ནང་བཞིན་འབྲེལ་བ་ཆགས་བསྡད་ཀྱི་འདུག དེ་ཚོ་ཁག་ཁག་དབྱེ་བ་བྱ་རྒྱུ་ཁག་པོ་ཞེ་དྲག་འདུག དེ་ལྟ་བུ་བྱུང་བའི་རིག་པ་ཟེར་དུས། གསུང་རབ་ཡན་ལག་བཅུ་གཉིས་ནང་ལོགས་ལ། དེའི་ཐོག་ནས་ལོ་རྒྱུས་ལ་ཕར་སྦྱར་ནས་འབྲེལ་བ་རྟགས་པ། ལོ་རྒྱུས་ཀྱི་གཞུང་རིག་པའི་ནང་ལོགས་ལ་གསུངས་བསྡད་པ། དེ་ཚོའི་གྲས་སྡེ་ཚན་འདྲ་མང་པོ་འདུག སྤྱི་ཡོངས་ཀྱི་ལོ་རྒྱུས་ཐོག་ནས་སྲིད་པ་ཆགས་རབས་དང་། སྣོད་བཅུད་ཆགས་ཚུལ། ལུང་པ་སོ་སོའི་ངོས་ནས་སོ་སོའི་ཆོས་དང་། རིག་གཞུང་། ཆབ་སྲིད། ལོ་རྒྱུས་རྒྱབ་ལྗོངས་མ་འདྲ་བ་མང་པོ་ཞིག་ཡོད་རེད། དེ་ཡིན་དུས་ལོ་རྒྱུས་ཀྱི་ཤོད་སྟངས་མ་འདྲ་བ་མང་པོ་ཡོང་གི་ཡོད་རེད་བསམས་ཀྱི་འདུག ལོ་རྒྱུས་ཟེར་དུས། སྒྲ་བཤད་དམ་གོ་དོན་འདྲ་པོ་དེ། ཀློང་ཆེན་པས་གཅིག་གསུངས་ཡོད་རེད། ལོ་དུ་མ་འདས་པ་ལ་རྒྱུས་ད་ལྟའི་མི་ལྟར་ཡོད་པ་ལ་ལོ་རྒྱུས་ཅེས་གསུངས་ཡོད་རེད། ལོ་རྒྱུས་ཟེར་དུས་འདས་པའི་འབྱུང་རབས་ཐོག་རྒྱུས་དང་རྒྱུ་མཚན་ཤོད་དགོས་ན་ད་ལྟའི་མི་ནང་བཞིན་ཤོད་ཐུབ་པའི་གནས་བབ་ཅིག་ལ་ཟེར། དེ་ཡང་སོ་སོའི་བསམ་བློ་དང་། ཕྱོགས་ཞེན་དབང་དུ་མ་འགྲོ་བར་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཤོད་ཐུབ་པ་ཡིན་ན། མི་གཞན་ལའང་རྣམ་དཔྱོད་མ་འདྲ་བ་ཞིག་སྤྲད་ཐུབ་པ། ལོ་རྒྱུས་ཤོད་དུས། ཕྱོགས་ཞེན་གྱིས་འབྲེལ་བ་བཏགས་ནས་བཤད་ན་དེས་ལོ་རྒྱུས་ཀྱི་རྣམ་དཔྱོད་འདོན་རྒྱུར་ཕན་ཐོགས་ཀྱི་མི་འདུག དངོས་ཡོད་གང་ཡིན་པ་དེ་ཤོད་ཐུབ་ན་དེའི་ཐོག་ནས་ཏན་ཏན་གྱིས་ཕན་ཐོགས་ཆེན་པོ་ཡོང་བའི་གནས་སྟངས་ཆགས་བསྡད་འདུག

བོད་ལྟ་བུར་མཚོན་པ་ཡིན་ན། ས་ཁམས་དང་གནའ་རྫས་ཉམས་ཞིབ་བྱེད་མཁན་དེ་འདྲའི་ཐོག་ནས་བོད་ཀྱི་ཆབ་མདོའི་ཁ་རུབ་གྲོང་ཚོ་དང་། ཉེ་ཆར་སྟོད་ལུང་དང་མངའ་རིས་དགེ་རྒྱས་ས་ཆ་དེ་ཚོའི་ནང་ནས་གནའ་རྫས་རྙེད་སོན་བྱུང་སྐབས། བོད་ནང་ལོ་ངོ་ཁྲི་མང་པོའི་སྔོན་ནས་འགྲོ་བ་མིའི་རིགས་བྱུང་བ་བཤད་ཀྱི་འདུག སྐབས་དེ་དུས་འགྲོ་བ་མིའི་རིགས་བྱུང་བ་ཡིན་ན། དེ་འཚོ་གནས་བྱ་རྒྱུར་དེ་དང་འབྲེལ་བའི་རིག་གཞུང་ཞིག་བྱུང་ཡོད་པ་གསལ་པོ་རེད། ཧི་མ་ལ་ཡའི་མི་རིགས་ཀྱི་འབྱུང་ཁུངས་ཡང་དེ་འདྲ་པོ་གཅིག་མིན་ནམ་བསམས་ཀྱི་འདུག དེ་ཚོ་ཉམས་ཞིབ་བྱ་རྒྱུ་རེད་མ་གཏོགས། ཁ་ཚོན་བཅད་ནས་དེ་འདྲ་རེད་ཅེས་ཤོད་ཐུབ་རྒྱུའི་གནས་སྟངས་མི་འདུག དེ་ལྟ་གོང་དུ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ནས་གསུངས་སོང་། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་དང་འབྲེལ་བའི་ཐོག་ནས་གཅིག་གསུངས་སོང་། དེ་ཚོའི་གྲས་ཕན་ཐོགས་ཆེན་པོ་མིན་ནམ་བསམས་ཀྱི་འདུག དཔེར་ན་བོད་བཙན་པོའི་དུས་སུ། ཆབ་སྲིད་ཀྱི་ཐོག་ལ་ཕྱག་རྗེས་ཆེན་པོ་བཞག་ཡོད་ཀྱང་། ད་ལྟ་ང་ཚོས་རྩོད་བསྡད་པའི་གནས་སྟངས་ཤིག་མ་གཏོགས་དངོས་ཡོད་ཀྱི་དེ་འདྲ་རེད་ཅེས་འདོན་རྒྱུ་མེད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། བོད་བཙན་པོའི་ལོ་རྒྱུས་ཐོག་ནང་ཆོས་ལ་བྱས་རྗེས་ཆེ་ཤོས་བཞག་འདུག་བསམས་ཀྱི་འདུག དཔེར་ན། བོད་ལས་རྒྱ་ནག་ལ་སྔོན་ལ་ནང་ཆོས་དར་བ་རེད། བོད་ནང་དུས་རབས་བརྒྱད་པའི་སྐབས་སུ་ནང་ཆོས་ཡོངས་གྲགས་དར་ཁྱབ་བྱུང་བར་བརྩིས་ཀྱི་ཡོད་རེད། སྐབས་དེ་དུས་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་རྒྱ་ནག་ཤུགས་ཆེ་བ་ཡོད་པ་རྟོགས་ཐུབ་པ། དེ་ཡང་རྒྱ་ནག་ལ་ནང་ཆོས་དར་བའི་རྗེས་སུ། སྟོན་པ་དང་། བྱང་ཆུབ་སེམས་པའི་འདྲ་སྐུ་ཧ་ཅང་གི་ཆེན་པོ་དེ་འདྲ་རི་བྲག་ལ་བཞེངས་བསྐྲུན་གནང་འདུག དེ་ཚོའི་ཐོག་ལ་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་འགྲོ་ཡི་ཡོད་པ་གསལ་པོ་རེད། སྐབས་དེ་དུས་སྟོན་པ་དང་། བྱང་ཆུབ་སེམས་པའི་སྣང་བརྙན་ཆེན་པོ་བཞེངས་ཡོད་པ་དེ་ཚོས་ཏན་ཏན་འགྲོ་བ་མི་ལ་རང་བཞིན་གྱི་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསལ་པོ་རེད། དེ་ཚོ་ད་ལྟ་ཡིན་ནའང་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་དཔང་པོ་འདྲ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། བོད་ནང་ལོགས་ལ་བལྟས་པ་ཡིན་ན། བཙན་པོ་རིམ་བྱོན་གྱི་རྣམ་དཔྱོད་དང་། ལྷག་པར་དུ་མཁན་སློབ་ཆོལ་གསུམ་གྱི་རྣམ་དཔྱོད་དེ་ཚོར་བལྟས་ཡོང་དུས། དམིགས་བསལ་འདྲ་པོ་ཞིག་མཐོང་གི་འདུག བཀའ་འགྱུར་པོད་བརྒྱ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་ཁྱོན་པོད་སུམ་བརྒྱ་ལྷག་ཙམ་ཚང་མ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེའུ་བཙན། ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་སོགས་བཙན་པོའི་གདུང་རྒྱུད་ནས་མར་བྱུང་བའི་ཕྱག་རྗེས་ཞིག་ཆགས་བསྡད་ཀྱི་འདུག ཡོངས་གྲགས་སུ་སྔ་འགྱུར་དང་ཕྱི་འགྱུར་ཞེས་པའི་ཐ་སྙད་དེ་སྦྱར་གྱི་ཡོད་རེད། དེང་སང་བོད་ཀྱི་ནང་ཆོས་ཟེར་དུས་རྒྱལ་སྤྱིའི་ནང་ཁུངས་གཏུགས་ས་དང་། ཚད་ལྡན་འདྲ་པོར་ངོས་འཛིན་གྱིས་བློ་འགུག་ཡོང་གི་འདུག དེ་ཡང་གཙོ་བོ་གཅིག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཆགས་བསྡད་ཡོད་རེད། རྩ་བའི་མི་རིགས་ཀྱི་ཁྱད་པར་ཡོད་མ་རེད་དེ། ནང་ཆོས་ཀྱི་བདག་པོ་འདྲ་པོ་དེ། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཆགས་བསྡད་ཀྱི་འདུག དེ་ཚོའི་ཐོག་ལ་ང་ཚོས་སྔོན་མའི་ལོ་རྒྱུས་ཐོག་ནས་དམིགས་བསལ་གྱིས་བྱས་རྗེས་བཞག་ཡོད་རེད་ལ། ང་ཚོའི་མི་རབས་ཀྱི་ཐོག་ནས་བྱས་རྗེས་ཆེན་པོ་ཞིག་འཇོག་ཐུབ་རྒྱུའི་གནས་བབ་འདྲ་པོ་ཞིག་རང་བཞིན་གྱི་ཚོར་ཡོང་གི་འདུག དེ་ཚོའི་གྲས་ང་ཚོས་མུ་མཐུད་བདག་པོ་རྒྱག་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག

བོད་མིའི་སྒྲིག་འཛུགས་དང་། ཁྱབ་ཁོངས་སློབ་གྲྭ་དང་། དགོན་སྡེ་ཁག་བཅས་དེ་ཙམ་གྱིས་རྒྱ་ཆེན་པོ་མེད་ཀྱང་། བོད་མི་ཙམ་མ་ཡིན་པར། ཧི་མ་ལ་ཡའི་མི་རིགས་ཚང་མར་གཅིག་མཚུངས་ཀྱིས་མཐུན་འགྱུར་སྦྱར་གྱི་ཡོད་རེད། མཉམ་ཞུགས་བྱེད་མཁན་སུ་ཡིན་ནའང་གོ་སྐབས་གཅིག་མཚུངས་གནང་གི་ཡོད་པ་ལྟར། རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ནས་མཁན་པོ་དང་། སློབ་དཔོན། དགེ་བཤེས་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་ཐོན་ཡོང་གི་ཡོད་རེད། དེ་ཡིན་དུས་ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་ཐབས་སྐྱོ་པོ་འདྲ་པོ་ཞིག་རེད་དེ། ཕྱོགས་གཞན་ཞིག་ནས་ང་ཚོས་ཕྱི་ལོགས་ལ་ཡོད་མཁན་ཧི་མ་ལ་ཡའི་མི་རིགས་མཉམ་དུ། མཉམ་སྐྱིད་མཉམ་སྡུག་བྱས་ནས་ང་ཚོས་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཐུབ་པ་དེ་ང་ཚོའི་སེམས་ནང་དགའ་ཚོར་ཡོད་པ་ཞིག་དང་། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་གསུང་བསྡད་པ་ཞིག་ལ། དེ་ཚོའི་ཐོག་ལ་ཧི་མ་ལ་ཡའི་མི་རིགས་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུང་གི་ཡོད་རེད། ཆབ་སྲིད་ཀྱི་གནས་བབ་ཟེར་བ་དེ་ག་དུས་འགྱུར་བ་འགྲོ་མིན་ཞུ་ཐབས་མེད་ཀྱང་། ཆབ་སྲིད་ཟེར་བ་དེ་འགྱུར་བ་འགྲོ་རྒྱུ་ཡིན་པ་རང་བཞིན་གྱི་གནས་སྟངས་ཆགས་བསྡད་ཡོད་རེད། རྟག་པ་བརྟན་པ་ཟེར་བ་སུ་གཅིག་གིས་འགན་ཁུར་བྱེད་ཐུབ་ཀྱི་ཡོད་མ་རེད། རྒྱ་ནག་ནང་ལོགས་དང་། རྒྱལ་སྤྱིའི་ནང་ལའང་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད་རེད། དེ་དང་མཉམ་དུ། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་གོ་སྐབས་ཤིག་ཡོང་གི་ཡོད་པ་གསལ་པོ་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་ང་ཚོའི་ངོས་ནས་སེམས་ཤུགས་མ་ཆག་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་བཞིན་ཧི་མ་ལ་ཡའི་མི་རིགས་ལུང་པ་ཡོད་མཁན་གྱི་ནང་ལོགས་ལ་གནས་བསྡད་དུས། ང་ཚོ་ཕན་ཚུན་རོགས་རམ་དང་སེམས་པ་ཉེ་པོ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། དེ་རིང་མི་མང་པོ་ཞིག་ལྷན་འཛོམས་བྱེད་ཀྱི་ཡོད་རེད། ལོ་རྒྱུས་མཁས་དབང་མང་པོ་ཞིག་ཕེབས་བསྡད་འདུག ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བགྲོ་གླེང་གནང་རྒྱུ་དང་། རྣམ་པ་ཚོར་གོ་རྟོགས་དང་དོ་སྣང་ཡག་པོ་ཡོང་གི་རེད་བསམས་ཀྱི་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིར་ཆགས་བསྡད་ཡོད་དུས། རྣམ་པ་ཚོ་ནམ་རྒྱུན་བཞུགས་སྒར་རྡ་རམ་ས་ལར་ཕེབས་མ་མྱོང་མཁན་དེ་འདྲ་ཡོད་པ་ཡིན་ན། བར་ལ་དུས་ཚོད་འདྲ་བཟོས་ནས་ལྷན་ཁང་ཁག་ལ་རྒྱུས་ལོན་གནང་ཐུབ་ན་ཏན་ཏན་ཐུགས་ཕན་གསོ་ཡི་རེད་བསམས་ཀྱི་འདུག དེ་ཡིན་དུས་ངས་སྐད་ཆ་ཤོད་རྒྱུ་འདིར་མཚམས་འཇོག་ཞུ་རྒྱུ་དང་། ཚོགས་འདུ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོར་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་།

ཕྱི་ཟླ་ ༩ ཚེས་ ༣ ནས་ ༧ བར་ཉིན་གྲངས་ལྔའི་རིང་གི་ཚོགས་ཆེན་དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཅས་ཐུན་མོང་ཀྱིས་གོ་སྒྲིག་ཞུས་གནང་འདུག་པ་བཅས།