༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༡ ཉིན་འབྲས་ལྗོངས་ཀྱི་བྱང་ཕྱོགས་གཏུམ་ལངས་ས་གནས་སུ་གསར་བཞེངས་གནང་བ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཟངས་མདོག་དཔལ་རི་དགོན་པའི་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་བ་རབ་གནས་དབུ་འབྱེད་མཛད་གནང་སོང་།
དབུ་འབྱེད་མཛད་སྒོའི་ཐོག་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག པད་རྣམ་རིན་པོ་ཆེ་མཆོག་བཅས་ཀྱིས་གཙོས་པའི་རིན་པོ་ཆེ་རྣམ་པ་དང་། དེ་བཞིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ པེ་རམ་སིངྒ་རྟ་མང་གྷོ་ལེ་ (Shri. Prem Singh Tamang-Golay, Chief Minister of Sikkim) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག འབྲས་ལྗོངས་མངའ་སྡེའི་དགོན་གནས་བློན་པོ་བསོད་ནམས་བླ་མ་ (Shri. Sonam Lama, Minister of Rural Management & Development, Panchayati Raj & Cooperative and Ecclesiastical Affairs, Sikkim) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག དགོན་སྡེ་ཁག་གི་སྐུ་ཚབ་མཁན་པོ་དང་། ས་གནས་མི་མང་བཅས་ཕེབས་འདུག
སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ནི་དུས་ཚོད་འདི་ལྟ་བུ་འབྱུང་སྲིད་པ་དང་འབྱུང་དཀའ་བའི་རང་བཞིན་ཞིག་ཆགས་ཡོད། དེ་ཡང་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྐལ་བཟང་། གནས་ཕུན་སུམ་ཚོགས་པ་ནི་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་སྦས་ཡུལ་གྱི་གཙོ་བོ་འབྲས་མོ་ལྗོངས་དང་། སྟོན་པ་ཕུན་སུམ་ཚོགས་པ་ཨོ་རྒྱན་པདྨའི་མཚན་གྱི་བྱིན་གྱིས་བརླབས་པ་མཁས་གྲུབ་མང་པོའི་རྣམ་སྤྲུལ་སྔ་འགྱུར་བའི་གདན་ས་དྲུག་གི་ཡ་རྒྱལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་རིན་པོ་ཆེ་རྣམ་པ་ཚང་མ་འདིར་ཕེབས་བསྡད་ཡོད་རེད། དེ་ག་ནང་བཞིན་དེ་རིང་ཆོས་ཕུན་སུམ་ཚོགས་པ་འདི་ལྟ་བུར་མཚོན་པ་ཡིན་ན། གཏེར་སྟོན་གུ་རུ་ཆོས་དབང་གི་དག་སྣང་ལས་བྱུང་བའི་གུ་རུ་མཚན་བརྒྱད་གྱི་གར་འཆམ་ཆེན་པོ་དེ་རྩ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཡོད་པ་དང་། དུས་ཕུན་སུམ་ཚོགས་པ་འདི་ཟླ་བ་རེ་རེའི་ཡར་ངོའི་ཚེས་བཅུའི་དུས་ཚོད་འདིར་སློབ་དཔོན་པདྨ་འབྱུང་གནས་དངོས་སུ་ཕེབས་ནས་བྱིན་གྱིས་བརླབ་པའི་དུས་ཚོད་ཚེས་བཅུ་ཁེལ་བསྡད་ཡོད་པ། འཁོར་ཕུན་སུམ་ཚོགས་པ་འདི་གཙོ་བོ་འབྲས་ལྗོངས་འདི་བཞིན་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྗེས་འཇུག ཆོས་དང་དམ་ཚིག་གི་འབྲེལ་བ་དམ་ཟབ་ཡོད་མཁན་བསྐལ་ལྡན་གྱི་སྐྱེ་བོ་ཕོ་མོ་རྣམས་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་དེ་རིང་ང་ཚོར་གནས་གཞི་འདི་ལྟ་བུ་ཞིག་བྱུང་ཐུབ་པ་དེ་ཡང་གཙོ་བོ་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བ་ཡིན་དུས། རིན་པོ་ཆེ་མཆོག་དང་། དེར་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན། འབྲེལ་ཡོད་བསྟན་པའི་སྦྱིན་བདག་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟ་བུའི་ཟངས་མདོག་དཔལ་རིའི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་གནང་ཐུབ་པ་བྱུང་བ་དེས། བོད་བསྟན་སྲིད་དང་། དེ་བཞིན་ཧི་མ་ལ་ཡ་རི་རྒྱུད་ལ་གནས་པའི་སྐྱེ་འགྲོ་ཡོངས་ལ་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་ཡོང་གཞི་ཞིག་ཆགས་བསྡད་ཡོད་རེད།
རྒྱུ་མཚན་གང་རེད་ཅེ་ན། སློབ་དཔོན་རིན་པོ་ཆེ་གུ་རུ་པདྨ་འབྱུང་གནས་ཀྱིས། ནང་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན། །ཉིན་ཟེེར་འཆར་དུས་མདངས་ལ་ཆིབས་ཏེ་བྱོན། །ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་བྱོན། ཅེས་གསུངས་པ་ལྟར། དེ་ཡིན་དུས་བོད་ཀྱི་སྐྱེ་འགྲོ་སྤྱི་དང་། ཧི་མ་ལ་ཡའི་སྦས་གནས་ལ་གནས་པའི་སྐྱེ་འགྲོ་རྣམས་ལ་ཐུན་མོང་མ་ཡིན་པའི་ཐུགས་རྗེའི་བརྩེ་བ་ཡོད་བསྡད་མཁན་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་རིང་ཟངས་མདོག་དཔལ་རི་འདི་ལྟ་བུ་ཞིག་གསར་བཞེངས་ལེགས་གྲུབ་བྱུང་བ་དེ་བོད་བསྟན་སྲིད་སྤྱི་དང་། ཧི་མ་ལ་ཡའི་རི་རྒྱུད་ལ་གནས་པའི་སྐྱེ་བོ་ཀུན་ལ་ཕན་ཐོགས་རླབས་ཆེན་ཞིག་བྱུང་བ་ཡིན་དུས། ང་ཚོ་སྐྱེ་འགྲོའི་བསོད་ནམས་ཀྱི་རྟེན་ཞིང་མཆོག་དེ་འདྲའི་གལ་ཆེན་པོ་ཞིག་འབྲས་ལྗོངས་སུ་བྱུང་ཐུབ་པ་དེ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་རེད། གོང་དུ་དགོན་གནས་བློན་པོ་བསོད་ནམས་བླ་མས་གསུངས་པ་ལྟར་རེད། ༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཡིན་དུས། འབྲས་ལྗོངས་རེད། ནང་ཆོས་དོན་གཉེར་གནང་མཁན་རེད། ཚང་མའི་ཐོག་ནས་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། དེ་བཞིན་བསྟན་འགྲོའི་བྱ་བ་ཐམས་ཅད་བསོད་ནམས་ཀྱི་རྒྱུ་ལ་བརྟེན་ནས་བྱུང་གི་ཡོད་དུས། བསོད་ནམས་གསག་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་པ་དང་། བསོད་ནམས་གསོག་པའི་དུས་ཚོད་དང་། དེའི་རྗེས་ལ་ང་ཚོར་འབྲེལ་བ་ཡོད་མཁན་ཚང་མར་བསྔོ་བ་སྨོན་ལམ་གནང་ཐུབ་དགོས་པ། ཆོས་ཞེས་པ་དེ་ཆོས་བཞིན་དུ་འགྲོ་མ་ཐུབ་ན། ཆོས་ཀྱི་ཉེས་པ་ཆེན་པོ་ཞིག་ཡོང་བ་ཡིན་དུས། ང་ཚོས་དེ་རིང་འབྲེལ་ཐོགས་ཐམས་ཅད་ལ་བསྟན་པ་དང་། འགྲོ་བ་ལ་ཕན་ཐོགས་རྒྱུའི་ཐུགས་སྨོན་ཡག་པོ་ཞིག་གནང་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།
དེ་བཞིན་འབྲས་ལྗོངས་ལྟ་བུར་མཚོན་པ་ཡིན་ན། བསྟན་པ་སྔ་དར་དང་། བར་དར། ཕྱི་དར་ཞེས་ལོ་རྒྱུས་ཐོག་གསུང་སྲོལ་ཡོད་རེད། བསྟན་པ་སྔ་དར་སྐབས་སློབ་དཔོན་ཆེན་མོ་གུ་རུ་པདྨ་འབྱུང་གནས་དུས་རབས་བདུན་པའི་མཇུག་གམ། བརྒྱད་པའི་མགོར་བོད་ལ་ཕེབས་པའི་སྐབས་སུ་སྦས་ཡུལ་འབྲས་མོ་ལྗོངས་ལ་བྱིན་གྱིས་བརླབས། དེ་རྗེས་ཁོང་གི་སློབ་མ་རྗེ་འབངས་ཉི་ཤུ་རྩ་ལྔ་དེ་ཚོའི་ཐོག་ནས་སྦས་ཡུལ་འབྲས་མོ་ལྗོངས་ལ་བྱིན་གྱིས་བརླབས་པའི་གནས་ཚུལ་དེ་འདྲ་ཆགས་བསྡད་ཡོད་རེད། སྦས་ཡུལ་འབྲས་མོ་ལྗོངས་དེ་སློབ་དཔོན་རིན་པོ་ཆེ་མཆོག་གི་རྣམ་སྤྲུལ་གཏེར་སྟོན་མང་པོས་གཏེར་ལུང་མང་པོ་ཞིག་གིས་ཟིན་པའི་ཐོག་ནས་དེའི་རྗེས་སུ་བསྟན་པ་བར་དར་གྱི་སྐབས་སུ་གཙོ་བོ་གཏེར་སྟོན་རིག་འཛིན་རྒོད་ལྡེམ་ཆེན་མོ་སྐུ་སྐྱེ་གོང་འོག་རེད། ཀཿ ཐོག་བླ་མ་བསོད་ནམས་རྒྱལ་མཚན་རེད། དེའི་རྗེས་སུ་ཀཿ ཐོག་གི་བླ་མ་རྣམ་གྲོལ་ཡེ་ཤེས་བཟང་པོ་ཁོང་རྣམ་པ་ཕེབས་ནས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་སྒོ་ཕྱེ་བ། དེའི་རྗེས་བསྟན་པ་ཕྱི་དར་སྐབས་སུ་གཏེར་སྟོན་སངས་རྒྱས་གླིང་པའི་ལུང་བསྟན་རེད། དེ་བཞིན་གཏེར་སྟོན་རཏྣ་གླིང་པའི་ལུང་བསྟན་ནང་ལོགས་ལ་རྣལ་འབྱོར་མཆེད་བཞི་འབྱུང་ཞེས་ལུང་དོན་བཞིན་ཀཿ ཐོག་ཀུན་ཏུ་བཟང་པོ་དང་། མངའ་བདག་སེམས་པ་ཆེན་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། དེ་བཞིན་ཆོས་རྒྱལ་ཕུན་ཚོགས་རྣམ་རྒྱལ་ཞེས་པའི་གཙོ་བོ་བསྟན་པ་ཕྱི་དར་རེད། དེ་འདྲའི་དུས་ཚོད་ནང་ལོགས་ལ། རྙིང་མའི་བསྟན་པའི་ཐོག་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པ། དེ་ཡང་གཏེར་ཆོས་ཉམས་ལེན་བྱུང་བ་བཅས་དམིགས་བསལ་གྱིས་འབྲེལ་བ་ཆགས་བསྡད་ཡོད་རེད།
ང་རང་ཚོ་བོད་ལ་དུས་འགྱུར་བྱུང་རྗེས་རྒྱ་གར་ལ་འབྱོར་ནས་ད་བར་ལོ་ངོ་ ༦༥ ལྷག་འགྲོ་ཡི་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་བརྒྱད་ལྷག་ཙམ་བཙན་བྱོལ་ལ་ཕེབས་རྗེས། འབྲས་ལྗོངས་མངའ་སྡེའི་ནང་ལོགས་ལའང་བོད་མི་དང་གཞིས་ཆགས་ཁག་མང་པོ་ཞིག་ཆགས་བསྡད་ཡོད་རེད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྔ་ཕྱི་རེད། དེ་བཞིན་མངའ་སྡེའི་གཞུང་མང་གཉིས་ཀྱི་ཐོག་ནས་ད་བར་མཐུན་འགྱུར་ཧ་ལས་པ་གནང་བསྡད་ཡོད་རེད།
བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཕན་ཚུན་མང་བ་ཞིག་འབྲེལ་བ་ཆགས་བསྡད་དུས། ཚང་མས་གཅིག་གིས་གཅིག་ལ་ཡིད་ཆེས་དང་། བརྩེ་བ། ཕྱག་རོགས་གནང་ཐུབ་དགོས་པ་གལ་ཆེན་པོ་ཡིན་དུས་མ་འོངས་པར་གནད་ཡོད་མི་སྣ་རེད། མི་མང་ཚང་མས་སེམས་ལ་འཇོག་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དེ་གཙོ་བོ་༧རྒྱལ་མཆོག་ལྔ་པ་ཆེན་པོ་ནས་ད་ལྟ་བར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་དང་། ཧི་མ་ལ་ཡའི་རི་རྒྱུད་ལ་གནས་པའི་བླ་མ་སྐྱེས་ཆེན་མང་པོ་ཞིག་དང་འབྲེལ་བ་ཆགས་བསྡད་ཡོད་རེད། ད་རེས་བསྐྱར་དུ་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་ཐུགས་བསྐྱེད་དམིགས་བསལ་ཞིག་ལ་བརྟེན་ནས་འབྲས་ལྗོངས་སུ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་ས་གསར་པ་ཞིག་བྱུང་ཐུབ་པ་དེ་སྨིན་གྲོལ་གླིང་གི་འདུས་སྤྱི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་གཅིག་དང་། མ་འོངས་པར་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གི་དགོངས་པ་ཇི་བཞིན་འགྲུབ་ཐུབ་རྒྱུར་འགན་ཁུར་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེ་ཡིན་དུས་སློབ་དཔོན་སངས་རྒྱས་གཉིས་པས་གསུངས་པ་གཞིར་བཟུང་ལྟར། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དེ་ཚུར་མདོར་བསྡུས་ན། ལུང་གི་བསྟན་པ་དང་། རྟོགས་པའི་བསྟན་པ་གཉིས། སློབ་དཔོན་དབྱིགས་གཉེན་གྱིས་ཀྱང་གསུངས་པ་གཞིར་བཟུང་རེད། དེ་རྒྱུད་འཛིན་བྱ་རྒྱུར་བཤད་པ་ཐོག་ནས་རྒྱུད་འཛིན་དང་། སྒྲུབ་པའི་ཐོག་ནས་རྒྱུད་འཛིན་བྱེད་དགོས་ཀྱི་ཡོད་རེད། སྔོན་མའི་སྐྱེས་བུ་དམ་པ་རྣམས་ཀྱིས་གང་གནང་བ་ལྟར་ང་ཚོ་རྗེས་འཇུག་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེའི་དགོངས་པ་ཇི་བཞིན་འགྲུབ་ཐུབ་རྒྱུར་ཚང་མས་འགན་ཁུར་བཞེས་ཐུབ་དགོས་པ་དང་། མཉམ་རུབ་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག པད་རྣམ་རིན་པོ་ཆེ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གསུང་བཤད། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག འབྲས་ལྗོངས་མངའ་སྡེའི་དགོན་གནས་བློན་པོ་བསོད་ནམས་བླ་མ་མཆོག་བཅས་ནས་གསུང་བཤད་དང་། སྨིན་གྲོལ་གླིང་གི་ཚེས་བཅུའི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུས་ཡོད་པ་བཅས།